《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་བཏུས་སྒྲིག》ཅེས་པའི་ཨ་རབ་ཡི་གེའི་དཔེ་དེབ་པར་སྐྲུན་འགྲེམ་སྤེལ་བྱས།
2024.11.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་ལོ་ཙཱ་བྱས་པའི《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་བཏུས་སྒྲིག》ཅེས་པའི་ཨ་རབ་ཡི་གེའི་དཔེ་དེབ་ཉེ་ལམ་ཀྲུང་དབྱང་སྒྲིག་སྒྱུར་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་ཏེ། རྒྱལ་ཁབ་ཕྱི་ནང་ཀུན་དུ་བཀྲམས།

《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་བཏུས་སྒྲིག》ཅེས་པ་དེ་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་ཤིང་། དེའི་ཁྲོད་བློ་མཐུན་ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་ནས་བཏོན་པའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་འདུས་ཡོད། དཔེ་དེབ་འདིའི་ཨ་རབ་ཡི་གེའི་པར་གཞི་དང་ཉེ་སྔོན་པར་བསྐྲུན་བྱས་ཟིན་པའི་དབྱིན་ཇི་དང་། ཧྥ་རན་སི། ཨུ་རི་སིའི་ཡི་གེའི་པར་གཞི་བཅས་ནི། ཕྱི་རྒྱལ་གྱི་ཀློག་པ་པོས་ཀྲུང་གོའི་ལུགས་ཀྱི་དེབ་རབས་ཅན་གྱི་གཞུང་ལུགས་མ་ལག་དང་ལག་ལེན་བླང་བྱར་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་གསར་པའི་སྟེང་རྒྱལ་ཁའི་ངང་བསྐྱོད་པ་དང་། མིའི་རིགས་དཔལ་ཡོན་གྱི་རྣམ་པ་གསར་པ་བསྐྲུན་པ། དེང་རབས་ཅན་གྱི་རེ་མདུན་གསར་པ་མངོན་པ་བཅས་ལ་རྒྱུས་ལོན་གཏིང་ཟབ་བྱེད་ཐུབ་ཅིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་རྡང་སྦྲེལ་ནས་དེང་རབས་ཅན་གྱི་བགྲོད་ལམ་སྟེང་མཉམ་སྐྱོད་བྱེད་པའི་འདུན་པ་ཇེ་དྲག་ཏུ་གཏོང་བ། ཞི་བདེའི་འཕེལ་རྒྱས་དང་། གཉིས་ཕན་མཉམ་ལས། ཐུན་མོང་འབྱོར་ཕྱུག་བཅས་ཀྱི་འཛམ་གླིང་དེང་རབས་ཅན་གྱི་ངོས་འཛིན་གཅིག་མཐུན་མངོན་འགྱུར་བྱེད་པར་དོན་སྙིང་ཆེན་པོ་ལྡན།

རིག་འཛིན་སྒྲོལ་མས་བསྒྱུར།