ཟླ12པའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2024ལོའི་འཛམ་གླིང་སྲོལ་རྒྱུན་གསོ་རིག་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།
ཞི་ཅིན་ཕིང་གིས་བསྟན་དོན། སྲོལ་རྒྱུན་གསོ་རིག་ནི་མིའི་རིགས་ཀྱི་དཔལ་ཡོན་གསར་སྐྲུན་གྱི་གྲུབ་འབྲས་ཡིན་པས་མི་རབས་ནས་མི་རབས་སུ་སྲུང་འཛིན་བྱེད་པ་དང་ཉིང་བཅུད་རྒྱུད་འཛིན་བྱེད་པར་མ་ཟད། དུས་དང་བསྟུན་ནས་འཕེལ་རྒྱས་གཏོང་བ་དང་བདེན་སྲུང་གསར་གཏོད་བྱེད་དགོས། ཀྲུང་ལུགས་གསོ་རིག་ནི་སྲོལ་རྒྱུན་གསོ་རིག་གི་ཕུལ་བྱུང་ཚབ་བྱེད་ཡིན་པའི་ཆ་ནས་ཀྲུང་ཧྭའི་དཔལ་ཡོན་གྱི་གཅེས་ནོར་ལྟ་བུ་རེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་དེང་རབས་གསོ་རིག་དང་སྲོལ་རྒྱུན་གསོ་རིག་མཉམ་དུ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་ལུགས་ནུབ་ལུགས་གསོ་རིག་གི་དགེ་མཚན་གསབ་རེས་དང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། ཀྲུང་ལུགས་གསོ་རིག་དེང་རབས་ཅན་དང་ཐོན་ལས་ཅན་ལ་སྐུལ་འདེད་བཏང་སྟེ། རང་གི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གསོ་རིག་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཛམ་གླིང་དར་རྒྱས་གོང་འཕེལ་འགྲོ་བར་རྒྱལ་ཁབ་སོ་སོས་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། ལག་རྡང་སྦྲེལ་ནས་གོ་ལ་ཧྲིལ་བོའི་འཕྲོད་བསྟེན་འགྲན་སློང་ལ་ཁ་གཏད་འཇལ་ཏེ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ། སྲོལ་རྒྱུན་གསོ་རིག་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་བྱེད་ཅིང་། སྲོལ་རྒྱུན་གསོ་རིག་དེ་གོ་ལ་ཧྲིལ་བོའི་འཕྲོད་བསྟེན་མ་ལག་ཁྲོད་ཟབ་འདྲེས་བྱེད་པར་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་གསོ་རིག་རིག་གནས་ཀྱི་གསར་སྐྲུན་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྲོལ་རྒྱུན་གསོ་རིག་གིས་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་དུ་འཇུག་འདོད་ཡོད་ཅེས་ནན་གྱིས་གསུངས།
2024ལོའི་འཛམ་གླིང་སྲོལ་རྒྱུན་གསོ་རིག་ཚོགས་ཆེན་ཉིན་དེར་པེ་ཅིང་དུ་འཚོགས་འགོ་བརྩམས་པ་དང་། བརྗོད་གཞི་ནི་སྣ་མང་དང་རྒྱུད་འཛིན། གསར་གཏོད་དང་། སྲོལ་རྒྱུན་གསོ་རིག་གིས་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་ཞེས་པ་དེ་ཡིན་ལ། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུའུ་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་ཤིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པ་རེད།
ལྷ་མོ་འཚོས་བསྒྱུར།