ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཞང་ཀང་གི་ལས་རིགས་སོ་སོའི་ཡིད་ཆེས་སྔར་ལས་འཕེལ་བར་བྱས།
2024.12.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 3

ཟླ12པའི་ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་ཡི་དབྱིན་ཐའེ་རུ། པེ་ཅིང་དུ་ལས་འགན་སྒྲུབ་པའི་གནས་ཚུལ་ཡར་ཞུ་བྱེད་དུ་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིས་ཅཱ་ཁྲའོ་ལ་མཇལ་འཕྲད་གནང་ནས། སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་སྟེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ཞང་ཀང་གི་འཕེལ་རྒྱས་ཐད་ལོ་རྒྱུས་ཀྱི་གོ་སྐབས་གསར་པ་བསུ་དགོས་ཞེས་ནན་གྱིས་གསུངས་པར་མ་ཟད། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འཕེལ་རྒྱས་ཐད་མཛུབ་སྟོན་གལ་ཆེན་གནང་། ཞང་ཀང་གི་ལས་རིགས་སོ་སོ་དང་གླེང་ཕྱོགས་ཁག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་ལས་ཞང་ཀང་སྤྱི་ཚོགས་ཀྱི་ཡིད་ཆེས་དང་ངར་ཤུགས་མངོན་སུམ་གྱིས་ཆེ་རུ་བཏང་ནས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གསོན་ཤུགས་དང་ཁྱད་འཕགས་རང་བཞིན་རྒྱུན་ཆད་མེད་པར་མངོན་ཐུབ་ངེས་ཡིན་ལ། ཞང་ཀང་གི་བཅོས་སྐྱོང་ནས་དར་རྒྱས་གཏོང་བའི་གོ་རིམ་ཁྲོད་དུ་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་ངེས་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

ལིས་ཅཱ་ཁྲའོ་ཡིས་ལས་འགན་སྒྲུབ་ཚུལ་གྱི་ཐད་ནས་གསལ་ཞུ་བྱས་རྗེས། སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རང་ཉིད་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་ཁས་ལེན་གང་ལེགས་དང་རྒྱབ་སྐྱོར་བརྟན་པོ་གནང་བར་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་མུ་མཐུད་དུ་ཕྱོགས་ཡོངས་དང་གནད་ལ་འཁེལ་བ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱ་རྒྱུ་ཡིན་ཞེས་བསྐྱར་སྒྲོག་གནང་ཡོད་ཅིང་། ཀྲུང་དབྱང་གིས་ཀྱང་ཡང་བསྐྱར“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལས་ཞང་ཀང་ལ་ལམ་ལུགས་ཀྱི་དགེ་མཚན་དང་ལམ་ལུགས་ཀྱི་གདེང་ཚོད་སྩོལ་རྒྱུ་ནན་བཤད་གནང་བ་དེས་ཞང་ཀང་སྤྱི་ཚོགས་ཀྱི་ཡིད་ཆེས་ཆེན་པོ་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུ་རེད་ཅེས་བསྟན། ལིས་ཅཱ་ཁྲའོ་ཡིས་མུ་མཐུད་དུ་ཚོགས་པའི་སྣེ་ཁྲིད་དེ་བཅོས་སྒྱུར་དང་འགྱུར་ལྡོག་ཡོང་ཐབས་ལ་རྩེ་གཅིག་ཏུ་འབད་ནས། དཀའ་གནད་སེལ་བ་དང་ཞན་ཆ་གསབ་པ། འགལ་རྐྱེན་ཅི་རིགས་མེད་པར་བཟོ་བ་བཅས་བྱས་ཏེ། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། ཞང་ཀང་གི་སྣེ་ཁྲིད་དེ་བཅོས་སྐྱོང་ནས་གསར་གཏོད་བྱེད་པའི་བགྲོད་ལམ་སྟེང་གོམ་སྟབས་བརྟན་པོའི་ངང་བསྐྱོད་རྒྱུ་ཡིན་ཞེས་བསྟན།

ཞང་ཀང་གི་ལས་རིགས་སོ་སོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཞང་ཀང་གི་འབྱུང་འགྱུར་འཕེལ་རྒྱས་ལ་རེ་ལྟོས་ཆེན་པོ་བཅངས་ཡོད་པར་བརྟེན། ཞང་ཀང་གིས་མགོ་འཛུགས་ས་གསར་པའི་སྟེང་དུ་སྔར་ལས་དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར་ལ་བརྟེན་ནས། ཡར་རྒྱས་བརྩོན་ལེན་དང་ངར་ཤུགས་ཆེན་པོས་མདུན་སྐྱོད་བྱ་རྒྱུར་སྐུལ་ལྕག་གཏོང་ཐུབ་པའི་ཐད་ནས་ཡིད་ཆེས་བྱེད་ཀྱིན་ཡོད།

ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སི་ཀྲང་དང་ཅུའུ་ཀྲང་མང་པོ་ཞིག་གིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ཚོགས་པར་སྐུལ་ལྕག་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། ཕྱིན་ཆད་ཚང་མས་སྔར་ལས་འབད་བརྩོན་ཆེན་པོ་དང་བཅོས་སྒྱུར་གསར་འཚོལ་ནས། ཞང་ཀང་དང་རྒྱལ་ཁབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཞང་ཀང་པེ་ཅིང་ཚོགས་པའི་སྤྱི་ཁྱབ་ཚོགས་གཙོ་ཧྲི་རུང་ཧོད་ཀྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་ཡུན་རིང་རྒྱབ་སྐྱོར་དང་རམ་འདེགས་བྱེད་མཁན་གྱི་རྒྱལ་གཅེས་ཀང་གཅེས་མི་སྣར་ངར་སེམས་དང་སྐུལ་ལྕག་ཆེན་པོ་བསྩལ་ཡོད་ཅིང་། ཀྲུང་དབྱང་གི་རྒྱབ་སྐྱོར་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་འབད་བརྩོན་བྱས་པ་བརྒྱུད་དེ། ཞང་ཀང་གིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་དང་སྦྲེལ་མཐུད་ནུས་ལྡན་བྱས་ཏེ། རྒྱལ་ཁབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཐུབ་ངེས་ཡིན་ཟེར།

ཞང་ཀང་གི་དཔལ་འབྱོར་དང་མི་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། དམིགས་བསལ་སྲིད་འཛིན་ཁུལ་ཁྲིམས་འཛུགས་ལྷན་ཚོགས་ཀྱི་གྲོས་མི་ལིན་ཅན་ཧྥུན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཞང་ཀང་དར་རྒྱས་བརྟན་བརླིང་ཡོང་བར་བྱེད་པ་དང་དེ་བཞིན་མ་འོངས་པ་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཡིད་ཆེས་དང་སྟོབས་ཤུགས་ཆེན་པོ་བསྣན་ཡོད། ཞང་ཀང་གི་ལས་རིགས་སོ་སོས་སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་ཇུས་ལག་བསྟར་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས།“རྒྱལ་གཅེས་པས་ཞང་ཀང་སྐྱོང་བའི”རྩ་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞང་ཀང་གི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་ཚིས་ལེགས་གཏོང་ཐད་ཐབས་འདོན་ཇུས་འབུལ་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཟེར།

ཀྲུང་གོ་ཞི་བདེ་གཅིག་གྱུར་ཡར་སྐུལ་ཚོགས་པའི་ཞང་ཀང་གི་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་ཡའོ་ཀྲི་ཧྲིན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ལས་ཀྲུང་དབྱང་གིས་ཞང་ཀང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་གནང་བཞིན་པ་མཚོན་ཐུབ་ལ། ཞང་ཀང་འཕེལ་རྒྱས་སྔར་ལས་གང་ལེགས་ཡོང་བར་རེ་ལྟོས་བྱེད་ཀྱིན་པའང་མཚོན་ཐུབ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་ཞང་ཀང་གི་འཕེལ་རྒྱས་ལ་འཕྲད་པའི་ལོ་རྒྱུས་ཀྱི་གོ་སྐབས་གསར་པར་ངོས་འཛིན་གསལ་པོ་བྱེད་རྒྱུ་དང་།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་དམིགས་བསལ་ལེགས་ཆ་འདོན་སྤེལ་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་དང་སྦྲེལ་མཐུད་བྱེད་པའི་བརྒྱུད་རིམ་ཁྲོད་མ་འོངས་པའི་འཕེལ་རྒྱས་ཀྱི་ཆེད་དུ་འཕར་གཞི་གསར་པ་ཟམ་མི་ཆད་པར་དམ་འཛིན་བྱེད་པ་བཅས་བྱས་ནས། ཞང་ཀང་བཅོས་སྐྱོང་བྱེད་པ་ནས་དར་རྒྱས་གཏོང་བའི་རྣམ་པ་གསར་པ་སྔརལས་མངོན་གང་ཐུབ་བྱེད་དགོས་ཟེར།

ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཞང་ཀང་གི་ན་གཞོན་ཚོགས་སྤྱིའི་ཁྲོད་ཚུར་སྣང་ཆེན་པོ་བསླངས་ཡོད། ཁོ་ཚོས་བཤད་རྒྱུར། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ཞང་ཀང་གི་སྣེ་ཁྲིད་དེ། སྤྱི་ཚོགས་ལས་རིགས་ཁག་གིས་གཞོན་ནུ་ཚོའི་འཕེལ་རྒྱས་ཆེད་གསར་འབྱེད་བྱས་པའི“ས་རྒྱུ་གཤིན་པོ”དེ་བེད་སྤྱོད་ཡག་པོ་བྱས་ནས། གསར་གཏོད་ལས་སྐྲུན་འབད་པས་གཉེར་རྒྱུ་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ནུས་ལྡན་བྱས་ཏེ། ཞང་ཀང་གི་དར་རྒྱས་དང་བརྟན་བརླིང་གི་ཆེད་དུ་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་རྒྱུ་ཡིན་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།