ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན།
2024.12.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ12པའི་ཚེས17ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།    རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའེ་ནན་སན་ཡ་རུ་ཧའེ་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

ཟླ12པའི་ཚེས17ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།    རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའེ་ནན་སན་ཡ་རུ་ཧའེ་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་སྐབས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་།    སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་།    ཏང་ཀྲུང་དབྱང་གི་ཧའེ་ནན་རང་མོས་ཉོ་འཚོང་གྲུ་ཁ་འཛུགས་སྐྲུན་སྐོར་གྱི་བཀོད་སྒྲིག་སྣ་ཚོགས་ནན་ཏན་སྒོས་དངོས་འབེབ་བྱེད་པ།    ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་ཚོད་ལྟ་ཁུལ་དང་།    རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ཁུལ།    རྒྱལ་སྤྱིའི་ཡུལ་སྐོར་འཛད་སྤྱོད་ལྟེ་གནས།    རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞབས་ཞུ་འགན་སྲུང་ཁུལ་བཅས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་ངེས་གནས་ལ་དམ་པོར་དམིགས་ཏེ།  ཚན་རིག་དང་མཐུན་པའི་སྒོ་ནས་འགག་སྒོ་མ་བཀག་སྔོན་དང་བཀག་རྗེས་ཀྱི་བཅོས་སྒྱུར་སྒོ་འབྱེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་བར་ཇུས་འགོད་བྱས་ཏེ། མུ་མཐུད་དུ་བསམ་བློ་བཅིངས་འགྲོལ་དང་།    གསར་འབྱེད་གསར་གཏོད།    མཁྲེགས་གཏོར་དཀའ་སེལ།    བརྟན་བརླིང་སྐུལ་འདེད་བཅས་བྱས་ཏེ། ཧུར་ཐག་གིས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དེ་རང་རྒྱལ་གྱི་དུས་རབས་གསར་པར་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་སྒོ་མོ་གལ་ཆེན་ཞིག་ཏུ་བསྐྲུན་ནས། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧའེ་ནན་གྱི་ལེའུ་རྩོམ་དགོས་ཞེས་ནན་གྱིས་བསྟན།

ཟླ12པའི་ཚེས17ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།    རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའེ་ནན་སན་ཡ་རུ་ཧའེ་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

ཟླ12པའི་ཚེས17ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་དུ་ཧའེ་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན།     ཧའེ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧྥིན་ཧྥེ་ཡིས་སྙན་ཞུ་བྱས་པ་དང་། ཧྲིན་ཀྲང་ལིའུ་ཞའོ་མེན་སོགས་སྙན་ཞུའི་ཚོགས་འདུར་ཞུགས།

སྙན་ཞུར་གསན་རྗེས།    ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་།    ཧའེ་ནན་གྱི་བྱ་བ་སྣ་ཚོགས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་།    གོ་རིམ་རྗེས་མའི་བྱ་བར་བླང་བྱ་གསལ་བོ་བཏོན།

ཞི་ཅིན་ཕིང་གིས་བསྟན་དོན། ནུས་ཤུགས་ཡོད་རྒུས་ཧའེ་ནན་གྱི་ཁྱད་ཆོས་དང་ཁྱད་སྟོབས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་དགོས།     ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་།    ཡུལ་སྐོར་ལས་རིགས་དང་།    དེང་རབས་ཞབས་ཞུའི་ལས་རིགས།    མཐོ་གསར་ལག་རྩལ་ཐོན་ལས།    ཚ་ཁུལ་གྱི་ཁྱད་ལྡན་ཕན་མཐོའི་ཞིང་ལས་སོགས་གཙོ་ཁྲིད་ཐོན་ལས་ཀྱི་ཕྲེང་འབྲེལ་གསབ་མཐུད་དང་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།  རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ་དང་།    རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་པ།    སྔར་ལས་སྒོ་འབྱེད་ཀྱི་རྣམ་པའི་འཇོན་མི་ནང་འདྲེན་ལམ་སྲོལ་འཛུགས་པ།    རིམ་པ་མང་བའི་ཚན་རྩལ་གསར་གཏོད་མ་ལག་བསྐྲུན་པ།    ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ།    ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་།    ཁོར་ཡུག་གི་གནད་དོན་མངོན་གསལ་སྒོས་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་པ།    རི་སྔོ་ཆུ་དྭངས་དང་དྭངས་གཙང་གི་མཚོ། མཐིང་མདོག་གི་ནམ་མཁའ་བཅས་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས།     རིག་གནས་དང་ལུས་རྩལ།    ཡུལ་སྐོར།    ལུས་གསོ་སོགས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།    ཡུལ་སྐོར་ལས་རིགས་སྒོ་འབྱེད་དང་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་དགོས། རྣམ་པ་གསར་པའི་འཛད་སྤྱོད་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བ་དང་།    འཛད་སྤྱོད་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།     སྐམ་མཚོ་གཅིག་གྱུར་གྱིས་འཆར་འགོད་དང་རི་མཚོ་མཉམ་འགུལ།    ཐོན་ཁུངས་རྒྱུན་འཁོར་བཅས་རྒྱུན་འཁྱོངས་བྱེད་པ་དང་།    རྒྱ་མཚོ་གསར་སྤེལ་དམ་འཛིན་ལེགས་པོ་བྱས་ཏེ།    རྒྱ་མཚོའི་ཐོན་སྐྱེད་ནུས་ཤུགས་དང་འཕར་གཞི་གསར་པ་བརྩོན་ལེན་བྱེད་པ་དང་།    རྒྱ་མཚོའི་སྟོབས་ལྡན་ཞིང་ཆེན་ཞིག་ཏུ་འཛུགས་སྐྲུན་བྱ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།  རང་མོས་ཉོ་ཚོང་གྲུ་ཁའི་སྲིད་ཇུས་དང་ལམ་ལུགས་ཀྱི་མ་ལག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་དམིགས་ཏེ། སྒོ་འབྱེད་པའི་མྱུར་ཚད་དང་གོམ་འགྲོས་བཀོད་སྒྲིག་ཡག་པོ་བྱ་དགོས།  ཉོ་ཚོང་དང་དངུལ་གཏོང་། མངའ་ཁོངས་བརྒལ་བའི་མ་དངུལ་འཁོར་སྐྱོད།    མི་སྣ་འགྲོ་འོང་།    སྐྱེལ་འདྲེན་འགྲོ་འོང་རང་མོས་སྟབས་བདེ་བཅས་དང་གཞི་གྲངས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་པར་དམིགས་ཏེ།  རྒྱལ་སྤྱིའི་ཆུ་ཚད་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་ལ་དམིགས་པ་དང་།   ནུས་ཤུགས་ཡོད་རྒུས་ལམ་ལུགས་ཅན་གྱི་སྒོ་འབྱེད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།   ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན།    རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་དགོས།     སྒོ་འབྱེད་ལས་སྟེགས་སྣ་ཚོགས་ཇེ་ལེགས་སུ་བཏང་སྟེ།    “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་དང་ས་ཁུལ་གྱི་རང་མོས་ཉོ་འཚོང་གླིང་ཁུལ་དང་བརྗེ་རེས་མཉམ་ལས་དང་བྱེད་ལས་འབྲེལ་མཐུད་བྱེད་པར་ཤུགས་སྣོན་དགོས། ཀོང་ཏུང་དང་ཞང་ཀང་།    ཨའོ་མིན་བཅས་ཀྱི་མཚོ་ཁུག་ཆེན་པོའི་ཁུལ་དང་མཉམ་འགུལ་གྱིས་འཕེལ་རྒྱས་གཏོང་བར་ཤུགས་སྣོན་པ་དང་།    འབྲི་ཆུའི་དཔལ་འབྱོར་རྒྱུད་དང་འབྲི་ཆུའི་ཟུར་གསུམ་ཁུལ་སོགས་ས་ཁོངས་བར་གྱི་མཉམ་ལས་ཟབ་སྤེལ་བྱ་དགོས།     ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་ལྟེ་བའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གང་མགྱོགས་བྱེད་པ་དང་།    གྲ་སྒྲིག་གི་བྱ་བ་སྣ་ཚོགས་སེམས་ཞིབ་མོས་ལེགས་པར་སྒྲུབ་སྟེ།    འགག་སྒོ་སྒྲོལ་བའི་བྱ་བ་བརྟན་ཞིང་གོ་རིམ་ལྡན་པའི་ངང་སྤེལ་བར་ཁག་ཐེག་བྱ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། སྡོད་དམངས་ཀྱི་རིག་གནས་བྱང་ཚད་དང་སྤྱི་ཚོགས་ཀྱི་དཔལ་ཡོན་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་དགོས།  རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་།    སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ།    མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་རྒྱ་ཁྱབ་ཏུ་སྤེལ་བ་བཅས་བྱས་ཏེ།    དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀ་མཐོར་འདེགས་ཡོང་བར་འབད་བརྩོན་བྱེད་དགོས། ལོ་རྒྱུས་རིག་གནས་དང་གསར་བརྗེའི་རིག་གནས།    རྒྱ་མཚོའི་རིག་གནས།    དམངས་སྲོལ་རིག་གནས་བཅས་ཀྱི་ཐོན་ཁུངས་སྲུང་སྐྱོང་ཡག་པོ་དང་བཀོལ་སྤྱོད་ཡག་པོ།    རྒྱུན་འཛིན་ཡག་པོ་བཅས་བྱས་ནས། རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་ཆེ་རུ་གཏོང་བ་དང་རིག་གནས་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་དགོས།     མཁར་གྲོང་གི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་།    མཁར་གྲོང་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།    སྲོལ་བརྗེ་ལུགས་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་བཅས་བྱ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།    དམངས་འཚོ་འགན་སྲུང་དང་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།     རྨང་གཞིའི་རང་བཞིན་དང་ཀུན་ཕན་རང་བཞིན།    མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་།    མཁར་གྲོང་གི་སྤྱི་པའི་ཞབས་ཞུའི་མ་ལག་དང་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ།    མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱེད་དགོས།   གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་ཞུགས་སྤྱི་ཡོངས་ནས་བརྟན་པོ་ཡོང་བར་བྱེད་དགོས།     མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་བཀོད་པར་གཅིག་གྱུར་གྱིས་འཆར་འགོད་བྱས་ནས། མཁར་གྲོང་ཅན་དུ་འགྱུར་བར་བརྟན་པོའི་ངང་སྐུལ་སྤེལ་གཏོང་དགོས། དབུལ་ཐར་མི་གྲངས་ཀྱི་རོགས་སྐྱོར་ཕན་འབྲས་ཆེ་རུ་གཏོང་བ་དང་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་གི་སྣང་ཚུལ་མི་འབྱུང་བའི་ཚད་མཐའ་སྲུང་ཐུབ་པར་བྱེད་དགོས།     འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་།    ཉེན་ཁ་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་བ།    གནོད་འགོག་གནོད་སེལ་གནོད་སྐྱོབ་བཅས་ཀྱི་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ།    ཉེན་ཁ་དང་འགྲན་སློང་ཚབས་ཆེན་ལ་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་དགོས།     མཁར་གྲོང་གི་སྡེ་ཁུལ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་།    རྒྱུན་རྣམ་ཅན་གྱི་ཐོག་ནས་ནག་འཇོམས་ངན་སེལ་བྱས་ཏེ།    ཁྲིམས་འགལ་གྱི་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་བརྟེན་ནས་ཏང་འཛུགས་སྐྲུན་གྱི་བྱ་བ་སྣ་ཚོགས་ལ་སྤྱི་འདོམས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དེ་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།  བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་།    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ།    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་མུ་མཐུད་དུ་དོན་འཁྱོལ་བྱས་ནས་སྤྱོད་ཚུལ་བསྒྱུར་བར་སྐུལ་འདེད་གཏོང་བ།    རྒྱ་ཆེའི་ལས་བྱེད་པས་གདོང་མཆོང་བྱེད་ཕོད་པ་དང་ཚོད་ལྟ་བྱེད་ཕོད་པ།    གཞན་གྱི་སྔོན་ལ་སྒྲུབ་ཕོད་པ།    དཀའ་སྤྱད་སྡུག་རུས་ཀྱིས་བྱ་བ་སྒྲུབ་པ་བཅས་དམིགས་བསལ་ས་ཁུལ་གྱི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་གཏོང་བར་སྐུམ་མ་བཏང་སྟེ།  ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་སྐུལ་སྤེལ་གཏོང་དགོས།  རྒྱུན་ཆད་མེད་པར་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དམ་འཛིན་ཡག་པོ་བྱས་ནས། རུལ་སུངས་སྐྱེ་འཕེལ་གྱི་ས་རྒྱུ་དང་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་མེད་པར་བཟོ་དགོས།     དབང་ཆ་སྤྱོད་པར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    ལས་བྱེད་པར་རུལ་སུངས་སྔོན་འགོག་བྱེད་ནུས་ཆེ་རུ་གཏོང་བར་སློབ་གསོ་དང་ཁྲིད་སྟོན་བྱ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས“འབྲས་ཁུག”དང“ཚོད་སླེ”སོགས་ཀྱི་དམངས་འཚོའི་འགན་སྲུང་དམ་འཛིན་ཡག་པོ་བྱེད་པ་དང་།    དངོས་ཟོག་དང་ནུས་ཁུངས་སོགས་མཁོ་སྤྲོད་འགན་ལེན་གྱི་བྱ་བ་དམ་འཛིན་ཡག་པོ་བྱེད་པ།    བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་བྱེད་པ་བཅས་བྱས་ནས། སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་བརླིང་སྲུང་སྐྱོང་བྱེད་དགོས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བར་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལོ་གསར་པར་མགོ་ཡག་པོ་ཞིག་འཛུགས་ཐུབ་པར་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་སྙན་ཞུའི་ཚོགས་འདུར་ཞུགས།

ཧི་ལིས་ཧྥིན་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སྙན་ཞུའི་ཚོགས་འདུར་ཞུགས།

ཤ་བོ་རིན་མཚོས་བསྒྱུར།