ཞི་ཅིན་ཕིང་གིས་ཚིན་ཧའོ་ཧུའེ་ལ་མཇལ་འཕྲད་གནང་།
2024.12.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6


ཟླ12པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མིན་དུ་གསར་དུ་ལས་འགན་ཁུར་བའི་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚིན་ཧའོ་ཧུའེ་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས20ཉིན་གྱི་སྔ་དྲོར་ཨའོ་མིན་དུ་གསར་དུ་ལས་འགན་ཁུར་བའི་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚིན་ཧའོ་ཧུའེ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཚིན་ཧའོ་ཧུའེ་ཡིས་ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་གྱི་འགན་བཞེས་པར་རྟེན་འབྲེལ་ཞུས། ཁོང་གིས་བསྟན་དོན། སྲིད་འཛིན་དཔོན་ཚིན་ཧའོ་ཧུའེ་ཡིས་རང་འགན་ནན་སྒྲུབ་དང་མངག་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བར་སྐབས་གསར་བའི་སྲིད་འཛིན་ཁུལ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་སོ་སོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་། ཨའོ་མིན་པས་ཨའོ་མིན་སྐྱོང་བ། ཚད་མཐོའི་རང་སྐྱོང་གི་བྱེད་ཕྱོགས་ཁྱོན་ཡོངས་དང་ཡང་དག་པ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། དཔལ་འབྱོར་འོས་འཚམ་དང་སྣ་མང་འཕེལ་རྒྱས་སུ་འགྲོ་བར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་བསྐྱེད་པ། ཨའོ་མིན་གྱི་དམིགས་བསལ་གོ་གནས་དང་དགེ་མཚན་འདོན་སྤེལ་ལེགས་པོ་བྱེད་པ། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་སྔར་ལས་བཟང་བའི་སྒོ་ནས་མཉམ་འདྲེས་བྱེད་པ། རྒྱལ་ཁབ་སོ་སོ་དང་ས་ཁུལ་སོ་སོའི་བར་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཨའོ་མིན་སྔར་ལས་འཕེལ་རྒྱས་སུ་འགྲོ་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། ཀྲུང་དབྱང་སྲིད་གཞུང་གིས་སྲིད་འཛིན་དཔོན་ཚིན་ཧའོ་ཧུའེ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་འགན་ནུས་བསྒྲུབ་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས།

ཚིན་ཧའོ་ཧུའེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་སྲིད་གཞུང་གི་ཡིད་ཆེས་ལ་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། ངས་སྐབས་གསར་བའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པ་དང་བློ་རྩ་བརྟན་པོས་གསར་བརྗེ་བྱེད་པ། སྤྱི་ཚོགས་ལས་རིགས་སོ་སོར་མཐུན་སྒྲིལ་བྱེད་པ། འབད་བརྩོན་ཆེན་པོས་ཨའོ་མིན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྒྱལ་ཁའི་ལག་ལེན་གྱི་རྣམ་པ་གསར་བ་གཏོད་རྒྱུ་ཡིན་ཟེར།

ཚའེ་ཆི་དང་ཞཱ་པའོ་ལུང་སོགས་མཇལ་འཕྲད་ལ་ཞུགས། 

ཤ་བོ་གསེར་མཚོས་བསྒྱུར།