ཞི་ཅིན་ཕིང་ཡིས་ཨ་རིའི་ཙུང་ཐུང་ཐི་ལང་ཕུའུ་ལ་ཁ་པར་བཏང་།
2025.01.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

 ཟླ1ཚེས17ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨ་རིའི་ཙུང་ཐུང་ཐི་ལང་ཕུའུ་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་ཐི་ལང་ཕུའུ་ཡང་བསྐྱར་ཨ་རིའི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས་པ་དང་།  ང་ཚོ་ཚང་མས་ཕན་ཚུན་འབྲེལ་འདྲིས་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ།  ཚང་མས་ཀྲུང་གོ་དང་ཨ་རི་བར་གྱི་འབྲེལ་བ་དེ་ཨ་རིའི་ཙུང་ཐུང་གི་འགན་འཁུར་ཡུན་གསར་པའི་ནང་མགོ་ཡག་པོ་ཞིག་རྩོམ་པར་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཨ་རི་བར་གྱི་འབྲེལ་བ་དེ་མགོ་ཚུགས་ས་གསར་པའི་ཐོག་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་རང་རང་སོ་སོའི་ཕུགས་འདུན་དོན་གཉེར་བྱེད་བཞིན་ཡོད་པ་དང་། ཚང་མས་མི་དམངས་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་དུ་འཇུག་པར་འབད་བརྩོན་བྱེད་བཞིན་ཡོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་བར་དུ་རྒྱ་ཆེ་ཞིང་ཐུན་མོང་གི་ཁེ་ཕན་དང་རྒྱ་ཆེ་བའི་མཉམ་ལས་ཀྱི་བར་སྟོང་ཡོད་པས།  གྲོགས་པོར་འགྱུར་ཐུབ་པ་དང་། ཕན་ཚུན་གྱི་གྲུབ་འབྲས་དང་། ཐུན་མོང་གི་དར་རྒྱས།  རྒྱལ་ཁབ་གཉིས་ལ་བདེ་སྐྱིད་བསྐྲུན་པ་བཅས་བྱས་ཏེ། འཛམ་གླིང་ལ་ཕན་ཐོགས་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་གནས་ཚུལ་མི་འདྲ་བའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཆ་ནས། ཀྲུང་གོ་དང་ཨ་རིའི་བར་ལ་འགལ་བ་ཁ་ཤས་འབྱུང་སྲིད་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། གནད་འགག་ནི་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱས་ཏེ། གནད་དོན་འོས་འཚམ་སྒོས་ཐག་གཅོད་བྱེད་པའི་ཐབས་ཤེས་འཚོལ་རྒྱུ་དེ་རེད།  ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ་དང་འབྲེལ་བ་ཡོད་པས། ཨ་རི་ཕྱོགས་ཀྱིས་ངེས་པར་དུ་གཟབ་ནན་སྒོས་ཐག་གཅོད་བྱེད་པའི་རེ་བ་བཅངས་ཡོད།  ཀྲུང་གོ་དང་ཨ་རིའི་བར་གྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་དེ་ཡིན་ལ།  འགྲན་རྒོལ་གདོང་གཏུག་ནི་ང་ཚོའི་གདམ་ག་ཡིན་མི་རུང་།    ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་ཕན་པའི་དོན་ཆེན་དང་། དོན་དངོས། དོན་བཟང་མང་ཙམ་སྒྲུབ་སྟེ། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཆེན་པོ་གཉིས་བརྟན་བརླིང་དང་། སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བའི་ཁ་ཕྱོགས་དེད་དེ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས་ཞེས་བསྟན།

ཐི་ལང་ཕུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་བར་གྱི་རླབས་ཆེན་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ།  མུ་མཐུད་དུ་གླེང་མོལ་དང་འབྲེལ་འདྲིས་རྒྱུན་འཁྱོངས་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་དང་མྱུར་དུ་མཇལ་འཛོམས་བྱེད་པར་རེ་སྒུག་བྱེད་བཞིན་ཡོད།  ཨ་རི་དང་ཀྲུང་གོ་ནི་དེང་སྐབས་འཛམ་གླིང་ཐོག་གི་རྒྱལ་ཁབ་གལ་ཆེན་གཉིས་ཡིན་པས། ཡུན་རིང་མཛའ་མཐུན་རྒྱུན་འཁྱོངས་བྱས་ཏེ་མཉམ་དུ་འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་དང་། ཕ་ལེ་སི་ཐན་དང་དབྱི་སི་རལ་གཉིས་བར་གྱི་གདོང་གཏུག་སོགས་མཉམ་དུ་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་འཐབ་ཇུས་ཐད་ནས་འབྲེལ་ལམ་བཙུགས་ཏེ། རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་དུས་རྒྱུན་དུ་འབྲེལ་གཏུག་བྱེད་རྒྱུར་མོས་མཐུན་བྱུང་།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།