ཞི་ཅིན་ཕིང་གིས་གླིང་ཆེན་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རྩེ་ཚོགས་སྐབས38པར་རྟེན་འབྲེལ་གློག་འཕྲིན་སྤྲིངས།
2025.02.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླིང་ཆེན་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རྩེ་ཚོགས་སྐབས38པར་གློག་འཕྲིན་སྤྲིངས་ནས། གླིང་ཆེན་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་མི་དམངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན།  མིག་སྔའི་ཟང་ཟིང་དང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གིས་མཚོན་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྟོབས་ཆེ་རུ་ཕྱིན་ཡོད།  འདས་ཟིན་པའི་ལོ་གཅིག་གི་རིང་། གླིང་ཆེན་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཧུར་ཐག་གིས་ས་ཁུལ་དང་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་ནས། གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་སྣེ་ཁྲིད་བྱས། གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མི་དམངས་ལ་རང་བཙན་རང་བདག་དང་འཕེལ་རྒྱས་དར་སྤེལ་གྱི་བགྲོད་ལམ་སྟེང་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་སྔར་ལས་མང་པོ་ཐོབ་པར་སྙིང་ཐག་པ་ནས་སྨོན་འདུན་ཞུ།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། 2024ལོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་ལོ་ཞིག་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལེགས་འགྲུབ་སྒོས་འཚོགས་ཤིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀྱིས་དུས་རབས་གསར་པའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་པའི་དུས་མཚམས་གསར་པ་མགོ་བརྩམས་ནས། མུ་མཐུད་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་ཡོད།     ངས་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འདོད་ཚུལ་ཆེན་པོ་དྲུག་དང་།“གྲོགས་པོའི་བྱ་སྤྱོད་ཆེན་པོ་བཅུ”དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ།    དོན་དངོས་དང་མཐུན་པའི་གྲུབ་འབྲས་སྔར་ལས་མང་པོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་དུང་ཕྱུར28ལྷག་ཙམ་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།

ཤ་བོ་རིན་མཚོས་བསྒྱུར།