ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་ཕོ་ཉ། ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང་ཧན་ཅུན་ཝུ་ར་ཀུའེ་ཡི་ཙུང་ཐུང་གསར་པའི་འགན་ཁུར་མཛད་སྒོར་ཞུགས།
2025.03.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུ་ར་ཀུའེ་ཤར་འགྲམ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་ཕོ་ཉ། ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང་ཧན་ཅུན་ཚེས1ཉིན་ཝུ་ར་ཀུའེ་ཡི་རྒྱལ་ས་མིན་ཏི་ཝེ་ཏི་ཡཱ་རུ་ཝུ་ར་ཀུའེ་ཡི་ཙུང་ཐུང་གསར་པ་ཨོ་ཨར་ཞི་ཡིས་འགན་འཁུར་བའི་མཛད་སྒོར་ཞུགས། ཚེས2ཉིན། ཨོ་ཨར་ཞི་ཡིས་ཙུང་ཐུང་བཞུགས་ཤག་ཏུ་ཧན་ཅུན་ལ་ཐུག་འཕྲད་བྱས། 

ཧན་ཅུན་གྱིས་ཨོ་ཨར་ཞི་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་སྒྲོག་བྱས། ཧན་ཅུན་གྱིས་བསྟན་དོན། འབྲེལ་བ་བཙུགས་ནས་ལོ37གྱི་རིང་ལ། ཀྲུང་གོ་དང་ཝུ་ར་ཀུའེ་བར་གྱི་འབྲེལ་བས་བདེ་ཐང་བརྟན་འཇགས་འཕེལ་རྒྱས་རྒྱུན་འཁྱོངས་བྱས་པས། ཆབ་སྲིད་ལམ་ལུགས་མི་འདྲ་བ་དང་དཔལ་འབྱོར་དངོས་ཚན་མི་འདྲ་བའི་རྒྱལ་ཁབ་བར་ཕན་ཚུན་བརྩི་འཇོག་དང་འཆམ་མཐུན་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཝུ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཝུ་ར་ཀུའེ་ཕྱོགས་དང་མཉམ་དུ་ལག་རྡང་སྦྲེལ་ནས་འབད་བརྩོན་བྱས་ཏེ་ཀྲུང་ཝུ་བར་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས་ལ་ཏེན་མེ་གླིང་ས་ཁུལ་དང་ཐ་ན་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྔར་ལས་མང་པོའི་བརྟན་འཇགས་རང་བཞིན་དང་གཏན་འཁེལ་རང་བཞིན་སྣོན་འདོད་ཡོད་ལ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཨོ་ཨར་ཞི་ཡིས་ཧན་ཅུན་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པར་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་ཕོ་ཉ་ལས་འགན་འཁུར་བའི་མཛད་སྒོར་ཞུགས་པར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས། ཨོའར་ཞི་ཡིས་བསྟན་དོན། ཝུ་ར་ཀུའེ་ཡི་སྐབས་རིམ་བྱུང་སྲིད་གཞུང་གིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའང་འདིའི་ཐད་དུ་ཚད་མཐོ་བའི་ཐུན་མོང་ངེས་འཛིན་བྱུང་ཡོད། ཝུ་ར་ཀུའེ་ཡི་སྲིད་གཞུང་གསར་པས་ཀྲུང་གོ་ཕྱོགས་དང་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་བརྟན་པོའི་ངང་ཤུགས་སྣོན་བརྒྱག་པ། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་མཉམ་དུ་སྲུང་སྐྱོང་བྱེད་པ། ལག་རྡང་སྦྲེལ་ནས་གོ་ལ་ཧྲིལ་བོའི་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་འདོད་ཡོད་ཟེར།

ཤ་བོ་གསེར་མཚོས་བསྒྱུར།