ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གསུང་བཤད་གལ་ཆེན་གནང་།
2025.03.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས5ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་བཞུགས་སའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་ནས་གསུང་བཤད་གལ་ཆེན་གནང་། 

ཟླ3པའི་ཚེས5ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་བཞུགས་སའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་དམིགས་འབེན་ཕུན་སུམ་ཚོགས་པའི་སྒོ་ནས་མངོན་འགྱུར་བྱེད་པར་དཔལ་འབྱོར་ཞིང་ཆེན་ཆེན་པོས་གདུང་འདེགས་ཀྱི་ཀ་བ་ལྟ་བུའི་ནུས་པ་འདོན་དགོས། ཅང་སུའུ་ཡིས་ནུས་པ་གཙོ་བོ་འདོན་སར་དམ་འཛིན་ཡག་པོ་བྱས་ཏེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཐད་སྣེ་ཁྲིད་བྱེད་རྒྱུ་དང་། བཅོས་སྒྱུར་ཟབ་སྤེལ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་ཐད་ནས་དཔའ་ངར་ཆེར་སྐྱེད་ཀྱིས་ཀུན་གྱི་སྔོན་ལ་བརྩོན་ལེན་བྱེད་པ། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་དོན་འཁྱོལ་བྱེད་པའི་ཐད་ནས་ཀུན་གྱི་སྔོན་ལ་སྐྱོད་པ། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བའི་ཐད་དཔེ་སྟོན་གྱི་ནུས་པ་འདོན་པ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།

ཅང་སུའུ་འཐུས་ཚབ་ཚོགས་པས་གྲོས་ཞིབ་ནན་མོ་བྱས་ནས་བགྲོ་གླེང་གི་སྣང་ཚུལ་བཟང་བོ་བྱུང་། ཀྲའོ་ཅན་ཅུན་དང་ཞུས་ཀོང་ཧོས། ཀྲང་ཅུན་ཅེ། ལིས་ཞའོ་ནཱ། མའོ་ཧན་ཀུན། ཁི་ཅུན་སོགས་འཐུས་མི་དྲུག་གིས་སོ་སོར་ལྗང་མདོག་ཐཱན་ཉུང་གི་ཚུལ་སྒྱུར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་ལས་ཚན་རྩལ་གསར་གཏོད་ཀྱི་ལྟེ་གནས་སྐྲུན་པ། གསོ་རིག་ཚུལ་བསྒྱུར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། འཆམ་མཐུན་མཛེས་སྡུག་གི་སྡེ་ཁུལ་འཛུགས་སྐྲུན་བྱེད་པ། སྲོལ་རྒྱུན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ཟློས་གར་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པ་སོགས་ཀྱི་ཐད་ནས་གཏམ་བཤད།

ཟླ3པའི་ཚེས5ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་བཞུགས་སའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས།

ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་གསན་རྗེས་ཁོང་གིས་ཐོག་མར་སྲིད་གཞུང་བྱ་བའི་སྙན་ཞུར་མོས་མཐུན་བྱས་པ་དང་། ཅང་སུའུ་ཡི་ལས་དོན་ལ་ཁས་ལེན་བྱས་ཏེ། ཅང་སུའུ་ཡིས་ནུས་པ་ཆེན་པོ་འདོན་གྱིན་པའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ནས། གྲུབ་འབྲས་གསར་པ་སྔར་ལས་གང་མང་འབད་པས་བསྐྲུན་དགོས་པའི་ཐུགས་རེ་བཏོན།

ཞི་ཅི་ཕིང་གིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ནི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཐབས་ལམ་ཞིག་ཡིན། ཚན་རྩལ་གསར་གཏོད་ལ་དམ་འཛིན་བྱེད་པར་ཅིས་ཀྱང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ། སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ལ་མཉམ་དུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚན་རྩལ་གྱི་གྲུབ་འབྲས་གང་མང་ཐོབ་པར་བརྩོན་ལེན་བྱེད་དགོས་དགོས་པ་ལས་གཞན། ཚན་རྩལ་གྱི་གྲུབ་འབྲས་དེ་མིག་མཐོང་ལག་ཟིན་གྱི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་དགོས། ཐོན་ལས་གསར་གཏོད་ལ་དམ་འཛིན་བྱེད་པར་ཅིས་ཀྱང་དངོས་ཕུང་དཔལ་འབྱོར་གྱི་རྨང་གཞི་འདི་བརྟན་སྲུང་བྱས་ཏེ། སྲོལ་རྒྱུན་ཐོན་ལས་ཀྱི་བསྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་ཀྱི་འགྲན་ལམ་གསར་པ་གསར་གཏོད་བྱེད་པ་སོགས་ལ་མཐོང་ཆེན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་དམ་འཛིན་བྱེད་པར་སྟེགས་བུ་བསྐྲུན་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། ཁེ་ལས་ཀྱི་གསར་གཏོད་རང་བདག་གོ་གནས་ཇེ་དྲག་ཏུ་བཏང་ནས། གསར་གཏོད་འབྲེལ་ཐག་དང་ཐོན་ལས་འབྲེལ་ཐག་སྲུབས་མེད་འབྲེལ་མཐུད་ཡོང་བར་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་དཔལ་འབྱོར་དངོས་ཕུང་གི་གྲངས་ཚད་ཆེ་བ་དང་སྔར་ལས་འཕེལ་རྒྱས་གཏོང་བར་ཅིས་ཀྱང་སྐུལ་འདེད་གཏོང་ཤུགས་སྔར་ལས་ཆེན་པོ་ཞིག་དགོས་པ་ཡིན། ཅང་སུའུ་ཡིས་ཀུན་གྱི་སྔོན་ལ་ཚོད་ལྟ་བྱེད་པ་དང་ཕྱི་ནང་གཉིས་ཀར་ཉམས་གསོ་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བཏང་བ་བརྒྱུད།  འགོག་རྐྱེན་སེལ་བ་དང་སྒུལ་ཤུགས་མུ་ནས་མུར་རུ་ཇེ་ཆེར་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིར་གཅིག་གྱུར་སྒོས་འཆར་འགོད་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཉམ་འགུལ་ལ་དམ་འཛིན་བྱས་ནས། ཐོན་སྐྱེད་ནུས་ཤུགས་ཀྱི་བཀོད་སྒྲིག་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་བཀོད་སྒྲིག་བྱེད་པའི་བཅོས་སྒྱུར་ཟབ་སྤེལ་བཏང་སྟེ། ས་གནས་སྲུང་སྐྱོབ་དང་ཁྲོམ་ར་རིགས་དབྱེ། “ནང་སྒྲིལ་རྣམ་པའི”འགྲན་རྩོད་བཅས་རང་འགུལ་ངང་མེད་པར་བཟོ་དགོས། དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་ཁེ་ལས་ལ་ལྟ་སྟངས་འདྲ་མཉམ་བཟུང་ནས། ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་དགོས། ལམ་ལུགས་རྣམ་པའི་སྒོ་འབྱེད་ལ་བརྟན་པོའི་ངང་རྒྱ་སྐྱེད་བཏང་ནས། རྒྱལ་སྤྱིའི་མཉམ་ལས་ཀྱི་བར་སྟོང་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་དགོས་ཞེས་ནན་བཤད་གནང་།

ཞི་ཅིན་ཕིང་གིས་དཔལ་འབྱོར་ཞིང་ཆེན་ཆེན་པོས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་དོན་འཁྱོལ་བྱེད་པའི་ཐད་ནས་འགན་འཁྲི་སྔར་ལས་ཆེ་བ་འཁུར་དགོས། ཅང་སུའུ་ཡིས་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་འཕེལ་རྒྱས་གཏོང་བ་དང་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་གཏོང་བ་སོགས་འཕེལ་རྒྱས་འཐབ་ཇུས་དངོས་ཀྱི་ཁྲོད་དུ། རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་མཐུན་སྦྱོར་མཉམ་འགུལ་བྱེད་དགོས། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་དང་། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུགས་ཆེན་པོའི་ཁུལ་འཛུགས་སྐྲུན་སོགས་ཀྱི་འཐབ་ཇུས་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ཏེ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་མཉམ་འདྲེས་ཟབ་མོ་ཡོང་བར་བྱས་ནས། བོད་དང་ཞིན་ཅང་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་དགོས། རྨོ་ཞིང་གི་ཉེན་མཚམས་བརྟན་སྲུང་དང་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། ལྷོ་ཆུ་བྱང་འདྲེན་གྱི་ཆུ་ཁུངས་བདེ་འཇགས་ལ་འགན་ལེན་བྱེད་པ་སོགས་ཀྱི་ཐད་ནས་འགན་འཁྲི་བསྒྲུབ་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་དཔལ་འབྱོར་ཞིང་ཆེན་ཆེན་པོ་མགྱོགས་མྱུར་ངང་འཕེལ་རྒྱས་འབྱུང་དུ་བཅུག་སྟེ། མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ནས་ཉམས་མྱོང་འབད་པས་འཚོལ་ཞིབ་བྱེད་པ་དང་དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། ཅང་སུའུ་ཡིས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་སོགས་ཀྱི་ཐད་མུ་མཐུད་དུ་ནུས་ཤུགས་ཡོད་རྒྱུ་འདོན་པ། རྨང་གཞིའི་རང་བཞིན་དང་སྤྱི་ཕན་རང་བཞིན། གཞི་རྩའི་འགན་སྲུང་རང་བཞིན་བཅས་ཀྱི་དམངས་ཚིས་འཛུགས་སྐྲུན་ལ་ཤུགས་སྣོན་པ། མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་ཐག་གཅོད་བྱེད་པའི་ཐད་དོན་དངོས་མང་ཙམ་སྒྲུབ་པ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་མཉམ་རང་བཞིན་དང་འཕྲོད་ཐུབ་པའི་རང་བཞིན་མངོན་སུམ་ཆེ་རུ་གཏོང་དགོས་ལ། ལྷག་པར་དུ་ལས་ཞུགས་ཞེས་པའི་ཆེས་གཞི་རྩའི་དམངས་ཚིས་ལ་དམ་འཛིན་ཡག་པོ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཟབ་སྤེལ་གཏོང་བ་དང་། རིག་གནས་ཐོན་རྫས་དང་ཞབས་ཞུའི་མཁོ་སྤྲོད་སྔར་ལས་ཇེ་ལེགས་སུ་བཏང་སྟེ། རིག་གནས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་སྩོལ་དགོས་ཞེས་ནན་བཤད་གནང་།

ཞི་ཅིན་ཕིང་གིས་དཔལ་འབྱོར་ཞིང་ཆེན་ཆེན་པོས་ནུས་པ་ཆེན་པོ་འདོན་པར་ཅིས་ཀྱང་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་མངོན་སུམ་ཇེ་ཆེར་གཏོང་དགོས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དཔའ་ངར་ཆེན་པོས་འགན་ཁུར་ལྕི་མོ་ཕྲག་ཏུ་ཁུར་ནས་གསར་གཏོད་ཡར་རྒྱས་ཡོང་བར་བྱས་ཏེ། བདེན་འཚོལ་དངོས་གཉེར་དང་བདེན་འཛིན་དངོས་གཉེར་གྱི་སྤྱོད་ལམ་ལ་བརྟེན་ནས། སྒྲིག་ཁྲིམས་བརྩི་སྲུང་དང་བབ་གཙང་སྤྱོད་གཙང་གི་སྣང་བརྙན་ལ་བརྟེན་ནས་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་སྐྲུན་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རེན་ཚའེ་ཆི་གྲོས་ཞིབ་ལ་ཞུགས།

མུའུ་ཧུང་སོགས་ཀྱང་གྲོས་ཞིབ་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།