ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་།
2025.03.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་ཀུའེ་ཀྲོའུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ཀུའེ་ཀྲོའུ་ཡིས་ཏང་ཀྲུང་དབྱང་གི་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་བའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ནན་ཏན་གྱིས་དོན་འཁྱོལ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཁྱོན་ཡོངས་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་སུ་བྱས་ཏེ།    ཡིད་ཆེས་བརྟན་པོ་དང་འབད་བརྩོན་དངོས་སྒྲུབ། བརྟན་ཐོག་ཡར་བརྩོན། ལས་དོན་སྒྲུབ་མཁས་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཀུའེ་ཀྲོའུ་ཡི་ཉམས་འགྱུར་གསར་པ་མངོན་པར་བྱ་དགོས།

ཟླ3པའི་ཚེས17ཉིན་ནས་ཚེས18ཉིན་བར། ཀུའེ་ཀྲོའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞུས་ལིན་དང་ཧྲིན་ཀྲང་ལིས་པེན་ཅུན་གྱི་ཕེབས་རོགས་འོག ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཀུའེ་ཀྲོའུ་ཤར་ལྷོ་མེའོ་རིགས་ཏུང་རིགས་རང་སྐྱོང་ཁུལ་དང་ཀུའེ་དབྱང་གྲོང་ཁྱེར་སོགས་སུ་རྟོག་ཞིབ་གནང་།

ཚེས17ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་ཤར་ལྷོ་ཁུལ་ལིས་ཕེན་རྫོང་ཀྲའོ་ཞིན་ཏུང་ཁྲ་རུ་རྟོག་ཞིབ་གནང་། སྡེ་བའི་སྒོ་ཁར་མི་རིགས་ཀྱི་གྱོན་ཆས་གྱོན་པའི་སྡེ་མིས་ཏུང་རིགས་ཀྱི་གླུ་དབྱངས་བླངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ལ་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་སྤྲོ་སྣང་ཆེན་པོས་ཏུང་རིགས་གླུ་དབྱངས་ཀྱི་སྒྱུ་རྩལ་འབྱུང་ཁུངས་དང་གདངས་ཀྱི་ཁྱད་ཆོས། གཞས་གཏོང་རྣམ་པ་སོགས་ཐད་ཀྱི་ངོ་སྤྲོད་ལ་གསན། དེའི་རྗེས་སུ་ཏུང་རིགས་སྡེ་བའི་རྣམ་པ་དང་ཡུལ་སྐོར་ཚོང་ཁང་ལ་ལྟ་ཞིབ་གནང་བ་དང་། ཚོང་བདག་དང་ཡུལ་སྐོར་པ།  སྡེ་མི་བཅས་དང་བརྗེ་རེས་གནང་། ཏུང་རིགས་ཀྱི་རིག་གནས་འགྲེམས་སྟོན་ལྟེ་གནས་སུ་ཁོང་གིས་ཏུང་རིགས་ཀྱི་ལོ་རྒྱུས་དང་གོམས་སྲོལ། གྱོན་ཆས། བཟོ་བཀོད་སོགས་ཁྱད་ལྡན་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་བྱས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། ཏུང་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་རྟེན་གཞི་རུ་ཁོང་གིས་པྲ་ཚིལ་གྱི་ཚོས་རྒྱག་པའི་བཟོ་རྩལ་བརྒྱུད་རིམ་ལ་གཟིགས་ནས། པྲ་ཚིལ་ཚོས་རྒྱག་མཉམ་ལས་ཁང་གིས་སྐུ་མགྲོན་གཙོ་བོར་འཛིན་པ་དང་སྤུས་ཚད་ཨང་དང་པོར་འཛིན་པའི་ཚོང་གཉེར་འདུ་ཤེས་རྒྱུན་འཁྱོངས་བྱས་པར་ཁས་ལེན་གནང་། ཞི་ཅིན་ཕིང་གིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པས།  གཟུགས་ལྡན་གྱི་སྡེ་བ་དང་སྡོད་མིའི་སྡོད་ཁང་། ཁྱད་ལྡན་བཟོ་སྐྲུན་བཅས་ཀྱི་རྣམ་པར་སྲུང་སྐྱོབ་དང་། གཟུགས་མེད་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་དགོས་པར་མ་ཟད།    དེའི་གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།    མི་རིགས་ཀྱི་ཁྱད་ཆོས་བེད་སྤྱོད་ཁྲོད་སྔར་ལས་བཀྲག་མདངས་འཚེར་ཞིང་རྒྱུན་ཆད་མེད་པར་འོད་སྣང་གསར་པ་རྒྱས་སུ་འཇུག་དགོས།

ཞིན་ཐོན་ཐུན་རྔའི་ཐོག་ཁང་དུ་ཞི་ཅིན་ཕིང་སྡེ་བའི་ལས་བྱེད་པ་དང་སྡེ་བའི་འཐུས་མི་དང་མཉམ་དུ་བཞུགས་ནས་བསམ་ཚུལ་བརྗེ་རེས་གནང་།

ཞིན་ཐོན་ཐུན་རྔའི་ཐོག་ཁང་དུ་ཞི་ཅིན་ཕིང་སྡེ་བའི་ལས་བྱེད་པ་དང་སྡེ་བའི་འཐུས་མི་དང་མཉམ་དུ་བཞུགས་ནས་བསམ་ཚུལ་བརྗེ་རེས་གནང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ལ་ཉེ་བའི་ལོ་འགའི་རིང་སྡེ་བར་བྱུང་བའི་དགའ་འོས་པའི་འགྱུར་ལྡོག་གླེང་། ཞི་ཅིན་ཕིང་གིས་བསྟན་དོན། ཏུང་རིགས་སྡེ་བར་སྲུང་སྐྱོབ་ཡག་པོ་བྱས་ཡོད་པ་དང་ཏུང་རིགས་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་མཐོང་བས་དགའ་བ་ཆེན་པོ་སྐྱེས་སོང་ཞེས་གསུངས། ཁོང་གིས་མང་ཚོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་པའི་འགག་རྩ་ནི་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་ཀྲི་པུའུ་ཡི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ནས། མང་ཚོགས་ཀྱི་སྣེ་ཁྲིད་དེ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་གྲོང་གསེབ་བཅོས་སྐྱོང་ལེགས་པོ་བྱེད་པར་རག་ལས་ཡོད་ཅེས་གསུངས།

ཐུན་རྔའི་ཐོག་ཁང་དང་འབྲལ་སྐབས། སྡེ་མི་རྣམས་གཅིག་རྗེས་གཉིས་མཐུད་དུ་འཛོམས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་པ་དང་། སྐད་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅི་ལ་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་དགའ་སྤྲོའི་ངང་ཏུང་རིགས་མི་དམངས་ནི་བབ་ཆགས་ཤིང་བརྩོན་སེམས་ཆེ་ལ། རིག་གནས་ཡོད་ཅིང་བློ་གྲོས་ལྡན་པས།    ཚང་མས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་གྲོང་གསེབ་དར་སྤེལ་སྔར་ལས་ལྷག་པའི་སྒོ་ནས་སྤེལ་བ་དང་།   ཚང་མའི་འཚོ་བ་སྔར་ལས་དར་རྒྱས་ཡོང་བའི་སྨོན་འདུན་ཞུ་ཞེས་གསུངས། ཏུང་རིགས་སྡེ་བ་དང་འབྲལ་སྐབས། ཏུང་རིགས་མང་ཚོགས་ཀྱིས་བརྩེ་བ་ཟབ་མོས《གླུ་སྐད་སྙན་མོ་ཏང་ལ་འབུལ》ཞེས་པའི་གླུ་དབྱངས་བླངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ལ་བཅངས་པའི་དགའ་ཞེན་དང་བརྩེ་སེམས་མངོན་པར་བྱས་ཤིང་།     ཞི་ཅིན་ཕིང་གིས་ཕྱག་གཡུག་ཡང་ཡང་གནང་ནས་ཡུལ་མི་ཚོ་དང་ཞལ་གྱེས་གནང་།

ཚེས18ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་པ་དང་། ཀུའེ་ཀྲོའུ་ཡིས་ཕྱོགས་སོ་སོར་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ལ། གོ་རིམ་རྗེས་མའི་བྱ་བའི་ཐད་བླང་བྱ་བཏོན།

ཞི་ཅིན་ཕིང་གིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྡོག་མེད་བླང་བྱ་ཡིན། ཀུའེ་ཀྲོའུ་ཡིས་སེམས་ཐག་བཅད་ནས་འཚོལ་ཞིབ་བྱེད་ཕོད་པ་དང་། དངོས་ཕུང་དཔལ་འབྱོར་རྨང་གཞིར་འཛིན་པ་རྒྱུན་འཁྱོངས་བྱེད་པ།   གསར་གཏོད་སྒུལ་ནུས་ལ་ཤུགས་སྣོན་པ། སྒུལ་ཤུགས་གསར་རྙིང་བརྗེ་སྤོར་ལ་གཅིག་གྱུར་འཆར་འགོད་བྱེད་པ། སྲོལ་རྒྱུན་ཐོན་ལས་ཀྱི་ཚུལ་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ།    ཧུར་ཐག་གིས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ།    གཞི་གྲངས་དཔལ་འབྱོར་དང་ནུས་ཁུངས་གསར་པ་སོགས་ཐོན་ལས་སྟོབས་ཆེར་གཏོང་བ་བཅས་བྱ་དགོས། ངེས་ཤུགས་དང་བཟོད་སེམས་སྲུང་འཛིན་བྱས་ཏེ་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་གནད་ལ་འཁེལ་བའི་ཐབས་ཇུས་ལག་བསྟར་བྱས་ནས། མྱུར་ཚད་དང་ཕན་འབྲས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་བ་དང་གྲངས་ཚད་ལུགས་མཐུན་སྒོས་འཕར་སྣོན་ཡོང་བར་བྱ་དགོས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱས་ཏེ་སྐྱེ་ཁམས་ཀྱི་ཁྱད་སྟོབས་དེ་འཕེལ་རྒྱས་ཀྱི་ཁྱད་སྟོབས་སུ་བསྒྱུར་གང་ཐུབ་བྱ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ས་གནས་གཅིག་གི་འཕེལ་རྒྱས་ཀྱི་གསོན་ཤུགས་དེ་ཚོང་གཉེར་ཁོར་ཡུག་དང་འབྲེལ་བ་དམ་ཟབ་ཡོད། ཀུའེ་ཀྲོའུ་ཡིས་རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་པ་དང་། ས་གནས་སྲུང་སྐྱོབ་དང་ཚོང་ར་དབྱེ་ཕྲལ། ཚད་བརྒལ་རང་བཞིན་གྱི་འགྲན་རྩོད་མཐའ་གཅིག་ཏུ་མེད་པར་བཟོས་ནས། སྤྱི་ཚོགས་ཡོངས་ཀྱི་ལས་སྐྲུན་གསར་གཏོད་ཐད་བརྟན་འཇགས་འདྲ་མཉམ་དང་མངོན་གསལ། སྔོན་དཔག་བྱེད་ཆོག་པའི་ཁོར་ཡུག་ཅིག་བསྐྲུན་དགོས། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་ན་ཕྱོགས་གཅིག་ནས་བཅོས་སྒྱུར་དམ་འཛིན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་བཀག་རྒྱ་སེལ་དགོས་པ་དང་། ཕྱོགས་གཅིག་ནས་ལས་བྱེད་པའི་སློབ་གསོའི་དོ་དམ་དམ་འཛིན་བྱས་ནས། ལས་བྱེད་པའི་སྤྱི་ཡོངས་ཀྱི་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས། བློ་དཀར་བའི་འདུ་ཤེས། སྲིད་གཙང་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བར་སྣེ་ཁྲིད་བྱེད་དགོས། སྒོ་འབྱེད་ནི་ཚོང་གཉེར་ཁོར་ཡུག་གལ་ཆེན་ཡིན་པས། ཀུའེ་ཀྲོའུ་ཡིས་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་བ་འཛུགས་སྐྲུན་བྱེད་པའི་གོ་སྐབས་བེད་སྤྱད་དེ། ཞང་ཀང་ཀོང་ཏུང་ཨོ་མིན་ཁུག་ཁུལ་ཆེན་མོ་དང་ཁྲིན་ཏུའུ་དང་ཁྲུང་ཆིན་གྲོང་ཁྱེར་ཟུང་གི་དཔལ་འབྱོར་ཁྱུ་ཚོགས་འཛུགས་སྐྲུན་བྱེད་རྒྱུ་དང་སྦྲེལ་མཐུད་བཟང་བོ་བྱེད་པ་དང་། རང་འགུལ་གྱིས་སྐམ་མཚོའི་ཕྱི་ནང་གི་མཉམ་འབྲེལ་དང་ཤར་ནུབ་ཕན་ཚུན་རོགས་འདེགས་ཀྱི་ཕྱོགས་ཡོངས་སྒོ་འབྱེད་ཀྱི་རྣམ་པའི་ཁྲོད་འདྲེས་པར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀུའེ་ཀྲོའུ་ཡིས་རང་སྟེང་གི་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ།  རྫོང་མཁར་འདྲེན་བྱེད་གལ་ཆེན་དུ་བརྩིས་ནས་གྲོང་གསེབ་ཅན་ཏན་ཏིག་གིས་འཛུགས་སྐྲུན་བྱེད་པ་དང་། ལས་དར་རྫོང་དར་དང་དམངས་ཕྱུག་གཞི་གཅིན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྫོང་ཁོངས་ཀྱི་ཐོན་ལས་རྨང་གཞིར་རྐང་བཙུགས་ནས། ལས་བགོ་མཉམ་ལས་ལ་དོ་སྣང་བྱེད་པ་དང་། གནས་སྣོལ་འཕེལ་རྒྱས་དང་ཕྲེང་འབྲེལ་གྲུབ་པར་བྱེད་དགོས། ས་བབ་དང་བསྟུན་ནས་དེང་རབས་རི་ཁུལ་གྱི་ཁྱད་ལྡན་ཕན་མཐོ་ཞིང་ལས་འཕེལ་རྒྱས་སུ་གཏོང་བ་དང་། རྒྱུན་རིང་གི་འགྲན་རྩོད་ནུས་པ་ལྡན་པའི་ཁྱད་ལྡན་གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་བྱེད་དགོས། ཁེ་ཕན་མཉམ་འབྲེལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་ཁྲོད་མང་ཚོགས་ཡོང་འཕར་ཕྱུག་འགྱུར་འབྱུང་བར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཡོང་སྒོ་དམའ་བའི་མི་གྲངས་ལ་ཁ་གཏད་དེ་གཅིག་གྱུར་ལྟ་ཞིབ་དང་རིགས་བགར་རོགས་སྐྱོར་གྱི་རྐྱེན་སྲོལ་བཙུགས་ནས། དམངས་ཚིས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀུའེ་ཀྲོའུ་ཡི་ལོ་རྒྱུས་ཀྱི་རྫོང་སྟུག་ཅིང་དམར་པོའི་རིག་གནས་ཕུན་སུམ་ཚོགས་ལ། མི་རིགས་རིག་གནས་ལ་ཁྱད་ཆོས་ལྡན་པས། དགེ་མཚན་དེ་དག་བེད་སྤྱད་དེ། རིག་གནས་ཀྱི་རང་རྟོན་ཇེ་དྲག་ཏུ་གཏོང་བ་དང་རིག་གནས་སྣང་ཚུལ་བཟང་བོར་བརྟེན་ནས་མི་སྐྱོང་བ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཕན་སྐུལ་བྱེད་དགོས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་སྡེ་དང་སྲོལ་རྒྱུན་གྲོང་སྡེ། ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་དང་སྡེ་བ་མིང་གྲགས་ཅན། གསར་བརྗེ་དམག་འཁྲུག་སྐབས་སུ་སོར་བཞག་བྱས་པའི་གསར་བརྗེའི་གནས་རྙིང་བཅས་ལ་མ་ལག་རང་བཞིན་གྱིས་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དགོས། སྲོལ་རྙིང་འདོར་སྒྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དཔལ་ཡོན་གྱི་དར་སྲོལ་གསར་བ་སྐྱེད་སྲིང་བྱེད་དགོས། རིག་གནས་ཡུལ་སྐོར་དང་ལུས་རྩལ་མཉམ་བསྲེས་ཟབ་མོ་བྱེད་པ་དང་། ཡུལ་སྐོར་ལས་རྣམ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཚོན་ལྡན་ཀུའེ་ཀྲོའུ་ཡི་རིག་གནས་ཡུལ་སྐོར་གྱི་ཚོང་རྟགས་གསར་བ་བསྐྲུན་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ན། ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པར་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་ཐག་བཅད་པ་དང་། དེ་ད་ལོའི་ཏང་འཛུགས་བྱ་བའི་ལས་འགན་གཙོ་བོ་ཡིན་པས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རྩ་འཛུགས་ཞིབ་མོ་དང་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ཡོན་དང་ལས་བྱེད་པས་ངེས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་གོམས་ལོབས་སུ་འགྲོ་བར་བྱེད་པ། སྤྱོད་ཚུལ་བཟང་བོར་བརྟེན་ནས་སེམས་ཤུགས་གཅིག་ཏུ་བསྡུ་བ་དང་ལས་སྒྲུབ་ལས་སྐྲུན་བྱེད་དགོས། ཏང་གཤིས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་མཉམ་དུ་དམ་འཛིན་བྱེད་པ་དང་སྤྱོད་གཙང་སྒྲིག་གཅུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་གཉིས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། རུལ་སུངས་འབྱུང་བའི་ཆ་རྐྱེན་མེད་པར་བཟོ་བའི་སྟེང་དམ་འཛིན་ལྷོད་མེད་བྱེད་དགོས། རྒྱང་སྐྱོད་ཀྱི་སྙིང་སྟོབས་ཆེན་པོ་དང་ཙུན་དབྱི་གྲོས་ཚོགས་ཀྱི་དགོངས་དོན་དར་སྤེལ་བཏང་སྟེ། སྤོབས་པ་ཆེན་པོས་དུས་རབས་གསར་བའི་རྒྱང་སྐྱོད་ཀྱི་ལམ་དུ་ཞུགས་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཡིས་མཉམ་དུ་རྟོག་ཞིབ་མཛད།

ཧི་ལིས་ཧྥིན་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་མཉམ་དུ་ལྟ་ཞིབ་བྱས།

ཤ་བོ་རིན་མཚོ་དང་རིན་ཆེན་མཚོས་བསྒྱུར།