ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་གྲོས་མོལ་མཛད།
2025.04.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས14ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་དུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་གྲོས་མོལ་མཛད།

ཟླ4པའི་ཚེས14ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྡོད་གནས་སུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་མཛད་དེ། སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་བར་དུ་རེས་སྐོར་དང་པོའི་ཕན་ཚུན་འཚམས་འདྲི་བྱེད་རྒྱུ་མངོན་འགྱུར་བྱུང་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ད་ལོ་ནི་ཡོ་ནན་གུང་ཁྲན་ཏང་བཙུགས་ནས་ལོ་གོ་ལྔ་འཁོར་བའི་ལོ་དང་། ཡོ་ནན་རྒྱལ་ཁབ་བཙུགས་ནས་ལོ་བརྒྱད་ཅུ་དང་ལྷོ་ཕྱོགས་བཅིངས་འགྲོལ་བྱས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་ཡིན་པས། ངས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གི་ཚབ་བྱས་ནས་ཡོ་ནན་ཕྱོགས་ལ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་པ་ཡིན། ཀྲུང་གོས་སྔར་བཞིན་དུ་ཡོ་ནན་རྒྱལ་ཁབ་རང་གི་གནས་ཚུལ་དངོས་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བཟང་བོར་བསྐྱོད་པར་རྒྱབ་སྐྱོར་བྱེད་པ་དང་། 2026ལོའི་ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུས་ནས། ཏང་འཛུགས་རྒྱལ་འཛུགས་ཀྱི་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་ཕྱོགས་སུ་མུ་མཐུད་མདུན་སྐྱོད་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཡོ་ནན་བར་འབྲེལ་བ་བཙུགས་ནས་ལོ་དོན་ལྔ་འཁོར་བའི་ལོ་དང་ཀྲུང་ཡོ་མི་གཞུང་བརྗེ་རེས་ལོ་ཡིན། ལོ་དོན་ལྔའི་རིང་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་རང་བཙན་དང་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་འཐབ་རྩོད་ཁྲོད་ཕན་ཚུན་ལ་རྒྱབ་སྐྱོར་བྱས་པ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལས་དོན་ཁྲོད་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ལ། རང་སོ་སོའི་དེང་རབས་ཅན་གྱི་བརྒྱུད་རིམ་ཁྲོད་དཀའ་སྤྱད་མདུན་སྐྱོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད། འགྱུར་ལྡོག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་ལ་ཁ་ཕྱོགས་ནས། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱིས་ཞི་བའི་ངང་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། མཛའ་མཐུན་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། འཛམ་གླིང་ལ་རྩ་ཆེ་བའི་གཏན་འཇགས་རང་བཞིན་དང་ངེས་གཏན་རང་བཞིན་བསྣན་ཡོད། ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་བའི་སྟེང་དུ། ཕྱོགས་གཉིས་ཀྱིས་སྔ་འཛིན་ཕྱི་གཏོད་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་པ་དང་། ཡའོ་ཀྲུང་བར་གྱི་བརྩེ་བ་ཟབ་ཅིང་བློས་ཐུབ་ཀྱི་གྲོགས་པོ་བཟང་བོ་ཡིན་པའི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཁྱོངས། ཆབ་སྲིད་ཀྱི་ཡིད་ཆེས་སྔར་ལས་མཐོ་བ་དང་བདེ་འཇགས་མཉམ་ལས་སྔར་ལས་བཟང་བ། དངོས་གཉེར་མཉམ་ལས་སྔར་ལས་ཟབ་པ། དམངས་བློའི་རྨང་གཞི་སྔར་ལས་བརྟན་པ། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་སྔར་ལས་དམ་ཟབ་ཡིན་པ། འགལ་རྩོད་བཀག་སྡོམ་ཐག་གཅོད་སྔར་ལས་བཟང་བའི་སྔར་ལས་དྲུག་གི་སྤྱིའི་དམིགས་འབེན་ལྟར། སྤུས་ཚད་མཐོ་བའི་ངང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཡོ་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ཡུན་རིང་གོང་འཕེལ་དུ་བཏང་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཡོ་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་འཛམ་གླིང་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་། མི་གྲངས་དུང་ཕྱུར་བཅོ་ལྔ་ལྷག་མཉམ་དུ་དེང་རབས་ཅན་ལ་བསྐྱོད་ཅིང་། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་ཤུགས་ཆེན་བྱས་ནས། མཉམ་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་གཉིས་ཀས་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱས་ཏེ། ས་ཁུལ་གྱི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་བརྟན་འཇགས་གེགས་མེད་ལ་སྲུང་སྐྱོབ་བྱེད་པ་དང་དཔལ་འབྱོར་འཛམ་གླིང་ཅན་དུ་བསྒྱུར་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད། མཛུབ་མོ་གཅིག་གིས་གནམ་མི་ཐེག་ལ་མཛུབ་མོ་ལྔ་བཅིངས་ཁུ་ཚུར་ཡིན་པའི་དཔེ་ལྟར། ཀྲུང་གོ་དང་ཡོ་ནན་གཉི་ག་དཔལ་འབྱོར་འཛམ་གླིང་ཅན་གྱི་ཁེ་ཕན་རེག་མཁན་ཡིན་པས། འཐབ་ཇུས་ཀྱི་ངེས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཕྱོགས་རྐྱང་བཙན་ཤེད་ཀྱི་སྤྱོད་ཚུལ་ལ་མཉམ་དུ་ངོ་རྒོལ་བྱེད་པ། འཛམ་གླིང་གི་རང་དབང་ཉོ་ཚོང་སྒྲིག་གཞི་དང་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་ཐད་ཀྱི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས།

ཟླ4པའི་ཚེས14ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་དུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་ཀྲུང་ཡོ་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་ནས་བྱེད་ཐབས་དྲུག་བཏོན་པ་སྟེ།

གཅིག་ནི་ཆུ་ཚད་སྔར་ལས་མཐོ་བའི་འཐབ་ཇུས་ཀྱི་ཡིད་རྟོན་ཇེ་མཐོར་གཏོང་དགོས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་མི་སྣས་གཉེན་ཉེ་ལྟར་དུ་འགྲོ་འོང་བྱེད་པ་བཞིན་རྒྱུན་དུ་འགྲོ་འོང་བྱེད་པ་དང་བརྗེ་རེས་མང་པོ་བྱེད་དགོས། ཕྱོགས་གཉིས་ཀྱིས་ཏང་བར་དང་ཁྲིམས་འཛུགས་སྡེ་ཁག ཆབ་སྲིད་གྲོས་མོལ་རྩ་འཛུགས་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ཟབ་མོ་བྱེད་པ་དང་། ཏང་གིས་རྒྱལ་ཁབ་དེང་རབས་ཅན་དུ་བསྒྱུར་བའི་ཐད་ཀྱི་མགོ་ཁྲིད་བྱེད་པའི་ཆུ་ཚད་མཐོར་འདེགས་གཏོང་དགོས།

གཉིས་ནི་སྔར་ལས་སྲ་ཞིང་བརྟན་པའི་བདེ་འཇགས་འགོག་ར་བསྐྲུན་དགོས། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་རྒྱལ་སྲུང་། སྤྱི་བདེ་བཅས་གསུམ་གྱི་ཁར་གསུམ་སྣོན་པའི་འཐབ་ཇུས་གྲོས་མོལ་རྐྱེན་སྲོལ་དེ་པུའུ་ཀྲང་རིམ་པར་གཏན་ཁེལ་བྱས་ཏེ། འཐབ་ཇུས་རོགས་ལས་ཇེ་ཟབ་ཏུ་གཏོང་དགོས། འགོག་སྲུང་ལས་དོན་དང་ཁྲིམས་བསྟར་བདེ་འཇགས་མཉམ་ལས་ཀྱི་རྐྱེན་སྲོལ་ནུས་པ་འདོན་སྤེལ་བྱེད་པ་དང་། དྲ་རྒྱའི་རྒྱན་འཇོག་དང་གློག་འཕྲིན་མགོ་སྐོར་སོགས་རྒྱལ་ཁམས་བརྒལ་བའི་ཉེས་སྤྱོད་ལ་མཐའ་གཅིག་ཏུ་རྡུང་རྡེག་བྱེད་པ། ཕྱོགས་གཉིས་དང་ཕྱོགས་མང་གི་མཉམ་ལས་དང་ལྷག་པར་དུ་རྫ་ཆུ་དང་མེ་གུང་གཙང་བོའི་མཉམ་ལས་སྒྲོམ་གཞིའི་ནང་གི་ཁྲིམས་བསྟར་ཁྲིམས་འཛིན་མཉམ་ལས་ལ་ཤུགས་བསྣན་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་ས་ཁུལ་གྱི་བདེ་འཇགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས།

གསུམ་ནི་སྤུས་ཚད་སྔར་ལས་མཐོ་བའི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་དགོས། ཀྲུང་གོའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་དང་ཡོ་ནན་གྱི་རིགས་གསར་ཐོན་སྐྱེད་ནུས་ཤུགས་ཐད་མྱུར་དུ་གྲུབ་པའི་གོ་སྐབས་གལ་ཆེན་དེ་དམ་འཛིན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་སྤུས་འདེགས་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་དགོས། སྔ་མོ་ནས་ཕྱོགས་གཉིས་ཀྱི་ཚད་ལྡན་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ། རིགས་སྟོབས་གྲུ་ཁའི་ཕྱོགས་ཡོངས་ཀྱི་འབྲེལ་མཐུད་མངོན་འགྱུར་བྱེད་དགོས། མི་ཐབས་རིག་ནུས་དང་དངོས་སྦྲེལ་དྲ་རྒྱ་སོགས་མཐོ་རིམ་ལག་རྩལ་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོའི་གཞི་ཁྱོན་ཆེ་བའི་ཚོང་རའི་སྒོ་མོ་དེ་ནམ་ཡང་ཡོ་ནན་ལ་འབྱེད་པ་དང་། ཡོ་ནན་གྱི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་ཀྲུང་གོར་ཕྱིར་གཏོང་བྱེད་པར་དགའ་བསུ་ཞུ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཡོ་ནན་དུ་སོང་ནས་དངུལ་གཏོང་བྱེད་པར་སྐུལ་མ་གཏོང་བཞིན་ཡོད་པ་དང་། ཡོ་ནན་གྱིས་སྔར་ལས་འདྲ་མཉམ་མཛའ་མཐུན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུའི་རེ་བ་བཅངས་ཡོད།

བཞི་ནི་ཁྱབ་རྒྱ་སྔར་ལས་ཆེ་བའི་དམངས་བློའི་སྦྲེལ་ཐག་དམ་པོར་བཅིངས་དགོས། ད་ལོའི་ཀྲུང་ཡོ་མི་གཞུང་བརྗེ་རེས་ལོ་གོ་སྐབས་སུ་བརྩིས་ནས། མང་ཚོགས་དང་འབྲེལ་བ་དང་དམངས་སེམས་ཐོབ་པའི་མཛའ་མཐུན་བྱ་འགུལ་སྔར་ལས་མང་པོ་སྤེལ་བ་དང་། གནས་སྐོར་དང་རིག་གནས། སྨྱན་བྱད། འཕྲོད་བསྟེན་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། དམར་པོའི་ཐོན་ཁུངས་མུ་མཐུད་དུ་སྔོག་འདོན་བྱེད་པ་དང་མཛའ་མཐུན་གྱི་གཏམ་རྒྱུད་བཟང་བོར་བཤད་པ། རྗེས་ཕྱོགས་ཀྱི་ལོ་གསུམ་ལ་ཡོ་ནན་གྱི་ན་གཞོན་གདན་ཞུ་བྱས་ནས་དམར་པོའི་ཞིབ་སློབ་བྱ་འགུལ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ལྷག་པར་དུ་ན་གཞོན་ཚོས་དམར་པོའི་རྒྱལ་ཁམས་ནི་ཐོབ་སླ་བ་ཞིག་མིན་པ་དང་རྒྱལ་ཁབ་གཉིས་ཀྱི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་དེ་ཧ་ཅང་རྩ་ཆེ་བར་རྒྱུས་ལོན་བྱེད་དུ་བཅུག་སྟེ། ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་རང་སོ་སོའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་དཔུང་ཤུགས་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས།

ལྔ་ནི་སྔར་ལས་དམ་ཟབ་ཀྱི་ཕྱོགས་མང་རོགས་ལས་སྤེལ་དགོས། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་རུ་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་མཐའ་གཅིག་ཏུ་བརྩི་སྲུང་བྱེད་པ། འདྲ་མཉམ་སྒྲིག་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་ཧྲིལ་བོའི་གྲོས་མགོ་ཆེན་པོ་གསུམ་གྱི་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་དགོས། ཀྲུང་གོས་མཛའ་མཐུན་དང་བློ་དཀར། ཀུན་ཕན། དཀྱེལ་ཡངས་ཀྱི་འདུ་ཤེས་དང་ཁྱིམ་མཚེས་འགྲིག་མཐུན་དང་ཁྱིམ་མཛེས་ཟླ་གྲོགས་སུ་བརྩི་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མཐའ་འཁོར་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་ལས་མཐའ་འཁོར་ལ་ཕན་ཐོགས་པར་བྱེད་དགོས།

དྲུག་ནི་སྔར་ལས་བཟང་བའི་མཚོ་ཐོག་བརྗེ་རེས་མངོན་འགྱུར་བྱེད་དགོས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་གི་ལྟ་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། མཚོ་ཐོག་གི་གནད་དོན་ཐག་གཅོད་བཟང་བོ་བྱེད་པ། མཚོ་ཐོག་གི་མཉམ་ལས་རྒྱ་བསྐྱེད་པ། སེམས་ཐག་བཅད་དེ་ཐུན་མོང་གསར་སྤེལ་གྱི་མགོ་བརྩམས་ནས། ལྷོ་ཕྱོགས་རྒྱ་མཚོའི་བྱ་སྤྱོད་ཀྱི་ཚད་གཞི་མྱུར་དུ་གྲུབ་པར་བྱེད་དགོས།

ཟླ4པའི་ཚེས14ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་དུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་གྲོས་མོལ་མཛད།

སུའུ་ལིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་དོན་ལྔ་འཁོར་བའི་དུས་སུ་ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་མཛད་པར་དགའ་བསུ་ཞུས། སུའུ་ལིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཀྲུང་གོ་མི་དམངས་ཀྱི་ཕུལ་དུ་བྱུང་བའི་གཙོ་འཛིན་ཡིན་ལ། ཡོ་ནན་མི་དམངས་ཀྱི་རླབས་ཆེ་བའི་གྲོགས་པོ་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོར་ཐོག་དང་པོར་ཡོ་ནན་ལ་འཚམས་འདྲི་མཛད་པ་དེས། ཡོ་ནན་དང་ཀྲུང་གོའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་ཡོ་ནན་ལ་རྒྱབ་སྐྱོར་བྱེད་པ་མཚོན་ཐུབ། ཐེངས་འདིའི་འཚམས་འདྲི་དེ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་སྟེང་གི་རྗེས་དྲན་རྡོ་རིང་ལྟ་བུར་འགྱུར་ངེས་ལ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་ཐུབ།

སུའུ་ལིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་། ཀྲུང་གོའི་རྒྱལ་སྤྱིའི་གོ་གནས་མུ་མཐུད་དུ་ཇེ་མཐོར་སོང་བར་བརྟེན། ཡོ་ནན་ཕྱོགས་ཀྱིས་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུ་བཞིན་ཡོད་ལ། ཀྲུང་གོའི་ཕྱོགས་ཀྱིས་དུས་ཡུན་རིང་པོར་ཡོ་ནན་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན།

སུའུ་ལིན་གྱིས་བསྟན་དོན། ཡོ་ནན་དང་ཀྲུང་གོ་གཉིས་ནི་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་ལ། ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་ཡོ་ནན་གྱི་དངོས་ཡོད་བླང་བྱ་དང་འཐབ་ཇུས་ཀྱི་གདམ་ག ཆེས་དམིགས་བསལ་གྱི་དོན་དག་བཅས་ཡིན། ཡོ་ནན་ཕྱོགས་ཀྱིས་བློ་རྩ་བརྟན་པོས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཀྲུང་གོའི་གཅིག་གྱུར་གྱི་བྱ་གཞག་ཆེན་མོར་རྒྱབ་སྐྱོར་བྱས་ཏེ། ཐའེ་ཝན་རང་བཙན་གྱི་ཁ་བྲལ་བྱེད་ཐབས་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན། ཡོ་ནན་དང་ཀྲུང་གོའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འཚམ་པར་བྱེད་པ་དང་། དུས་རབས་ཀྱི་རླབས་རྒྱུན་དང་འཚམ་པར་བྱེད་དགོས། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་བ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་པ། འཐབ་ཇུས་བདེ་འཇགས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཕན་ཚུན་གྱི་ཆབ་སྲིད་ཡིད་རྟོན་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ཆུ་ཚད་མཐོར་འདེགས་བཏང་ནས། དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། རྨང་གཞིའི་སྒྲིག་ཆས། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལེགས་ཆ་སྔར་ལས་མང་པོ་བསྐྲུན་པ་དང་། མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་བ། ས་གནས་དང་ན་གཞོན་གྱི་འགྲོ་འོང་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་མཉམ་ལས་ལ་ཤུགས་བསྣན་ཏེ། མི་དམངས་ཀྱི་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་གཏོང་བའི་རེ་བ་བཅངས་ཡོད། ཡོ་ནན་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་བོའི་གྲོས་མགོ་ཆེན་མོ་གསུམ་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་གི་ཉེ་འཁོར་བྱ་བའི་གྲོས་ཚོགས་ལས་ཉེ་འཁོར་རྒྱལ་ཁབ་དང་མཉམ་དུ་ཁྱིམ་གཞིས་ཆེན་མོ་ལྔ་འཛུགས་སྐྲུན་བྱེད་པའི་མདུན་ལྗོངས་དང་ཁྱིམ་མཚེས་མཛའ་མཐུན་བདེ་འཇགས་དང་ཕྱུག་པོར་འགྱུར་བའི་བྱེད་ཕྱོགས་གཏན་འཁེལ་བྱས་པར་བསྟོད་བསྔགས་ཚད་མེད་བྱེད་ཀྱིན་ཡོད། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་བརྩི་སྲུང་བྱེད་པ། རྒྱལ་སྤྱིའི་ཚོང་དོན་སྒྲིག་སྲོལ་བརྩི་སྲུང་བྱེད་པ་དང་། ཕྱོགས་གཉིས་ཀྱིས་བཀོད་པའི་གྲོས་ཆོད་བརྩི་སྲུང་བྱས་ནས། འཛམ་གླིང་ཞི་བདེ་དང་མིའི་རིགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་ཐད་མཉམ་དུ་བྱས་རྗེས་འཇོག་འདོད་ཡོད། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་མཚོ་ཐོག་གི་འགལ་བ་ཐག་གཅོད་ལེགས་པོ་བྱེད་པ་དང་། མཚོ་ཐོག་གི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད།

ཟླ4པའི་ཚེས14ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་དུ་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་སྔོན་ལ། སུའུ་ལིན་གྱིས་ཞི་ཅིན་ཕིང་གདན་ཞུ་བྱས་ནས་ཁྱབ་ཁོངས་ཆུང་བའི་གྲོས་མོལ་བྱེད་ཀྱིན་པའི་རྣམ་པ་རེད།

གྲོས་མོལ་སྔོན་ལ། སུའུ་ལིན་གྱིས་ཞི་ཅིན་ཕིང་གདན་ཞུ་བྱས་ནས་ཁྱབ་ཁོངས་ཆུང་བའི་གྲོས་མོལ་བྱས། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་ཏང་སྐྱོང་བ་དང་རྒྱལ་སྲིད་སྐྱོང་བའི་སྐོར་ནས་དགོངས་འཆར་བརྗེ་རེས་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་འཛུགས་སྐྲུན་དེ་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད་པ་དང་། ཏང་གི་སྤྱོད་ཚུལ་དེ་མིའི་བློ་གཏོད་ཕྱོགས་དང་འབྲེལ་བ་ཡོད། ཀྲུང་གུང་ཀྲུང་དབྱང་གིས་ད་ལོར་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ནས་། སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་བརྟེན་ནས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་རྒྱུའི་ཐག་བཅད་ཡོད། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་བརྗེ་རེས་དཔེ་ལྟོས་ལ་ཤུགས་བསྣན་ནས། མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་བསྐྱོད་པར་མོས་མཐུན་བྱུང་།

 ཟླ4པའི་ཚེས14ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་དུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་རྗེས་སུ། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀྱིས་བཀོད་པའི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་ཞེ་ལྔའི་འགྲེམ་སྟོན་ལ་བདེན་དཔང་བྱེད་ཀྱིན་པའི་རྣམ་པ་རེད། 

གྲོས་མོལ་གྱི་རྗེས་སུ། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀྱིས་བཀོད་པའི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་ཞེ་ལྔ་འགྲེམ་སྟོན་བྱས་པར་མཉམ་དུ་བདེན་དཔང་བྱས་པ་དང་། དེ་མཉམ་འབྲེལ་མཉམ་མཐུད་དང་མི་ཐབས་རིག་ནུས། སྒོ་ཁྲལ་ཚད་ལེན་ཞིབ་བཤེར། ཞིང་ལས་ཐོན་རྫས་ཉོ་ཚོང་། རིག་གནས་དང་ལུས་རྩལ། དམངས་ཚིས། མི་ཤུགས་ཐོན་ཁུངས་གསར་སྤེལ། སྨྱན་བྱད་སོགས་ཀྱི་ཁྱབ་ཁོངས་སུ་ཁེབས་ཡོད།

ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཡོ་ནན་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་དམ་ཟབ་ཏུ་གཏོང་བ་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་ཡོ་ལས་སྐལ་གཅིག་མཐུན་ཚོགས་པ་མགྱོགས་མྱུར་ངང་འཛུགས་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ།

ཚེས14ཉིན་གྱི་དགོང་མོར། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆཱང་གཉིས་ཀྱིས་ཞི་ཅིན་ཕིང་ལ་དགའ་བསུའི་གསོལ་སྟོན་བཤམས། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་སོགས་མགོ་ཁྲིད་བློ་མཐུན་གསོལ་སྟོན་ལ་ཞུགས།

ཚའེ་ཆི་དང་ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གསལ་བྱ་འགུལ་ལ་ཞུགས།

རིན་ཆེན་མཚོ་དང་ལྷ་མོ་འཚོ་གཉིས་ཀྱིས་བསྒྱུར།