ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་མི་དམངས་ཏང་གི་ཀྲུའུ་ཞི། གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སིན་ལ་མཇལ་འཕྲད་གནང་།
2025.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི། གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སིན་གྱིས་ཅིན་པེན་གྱི་ཞི་བདེའི་ཚོམས་ཆེན་དུ་མཇལ་འཕྲད་གནང་།

ཟླ4པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི། གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སིན་གྱིས་ཅིན་པེན་གྱི་ཞི་བདེའི་ཚོམས་ཆེན་དུ་མཇལ་འཕྲད་གནང་།  

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ནི་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པར་མ་ཟད། གྲོགས་པོ་བཟང་པོའང་ཡིན། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ནི་ལོ་རྒྱུས་ཀྱི་གདམ་ག་དང་མི་དམངས་ཀྱི་གདམ་ག་ཡིན། མིག་སྔར། ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་འགག་རྩའི་དུས་རིམ་དུ་སླེབས་ཡོད་པས། ཕྱོགས་གཉིས་ཀྱིས་མི་དམངས་ཀྱི་བདེ་སྐྱིད་ཡིད་ལ་འཛིན་པ་དང་མིའི་རིགས་ཀྱི་ཡར་ཐོན་ཐུགས་སུ་ཉར་ནས། སོ་སོའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་དཔེ་སྟོན་བསྐྲུན་པ་དང་། འཛམ་གླིང་གི་ལོ་ངོ་བརྒྱར་མ་བྱུང་བའི་འཕོ་འགྱུར་ཁྲོད་ལག་རྡང་སྦྲེལ་ནས་ཞི་བདེའི་སྟོབས་ཤུགས་དང་། གཏན་འཇགས་ཀྱི་སྟོབས་ཤུགས། ཡར་ཐོན་གྱི་སྟོབས་ཤུགས་བཅས་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཁམ་ཕུ་ཁྲེའི་རྒྱལ་ཁབ་ཡར་རྒྱས་གོང་འཕེལ་གྱི་བགྲོད་ལམ་ཇེ་ཡངས་ནས་ཇེ་ཡངས་སུ་འགྱུར་བར་ཡིད་ཆེས་བྱེད་ཀྱིན་ཡོད་ལ། སྔར་བཞིན་ཁམ་ཕུ་ཁྲེ་མི་དམངས་ཏང་གིས་ཁམ་ཕུ་ཁྲེའི་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་བརྟན་བརླིང་དང་དཔལ་འབྱོར་འཕེལ་རྒྱས་རྒྱུན་སྲུང་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཁམ་ཕུ་ཁྲེ་ཡིས་ས་གནས་དང་རྒྱལ་སྤྱིའི་གར་སྟེགས་སྟེང་བྱེད་ནུས་སྔར་ལས་གལ་ཆེན་འདོན་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་གསར་དུ་བཙུགས་པའི་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཀྲང་དང་རྒྱལ་སྲུང་པུའུ་ཀྲང་གི་འཐབ་ཇུས་གྲོས་མོལ་རྐྱེན་སྲོལ་སྤྱད་དེ། འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་དགོས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་དམ་ཟབ་སྤེལ་ནས། ཁམ་ཕུ་ཁྲེའི་བཟོ་ལས་འཕེལ་རྒྱས་ཁྱམས་ར་དང་ཉྭ་དང་འབྲས་ཀྱི་ཁྱམས་ར་འཛུགས་སྐྲུན་བྱེད་པ་དང་། ནུས་ཁུངས་དང་འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡག་པོ་སྤེལ་ཏེ། ཁམ་ཕུ་ཁྲེ་ལ་ཀྲུང་གོ་འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་མང་པོ་མཉམ་སྤྱོད་བྱེད་དུ་འཇུག་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བ་གལ་ཆེན་ཐད་ཁམ་ཕུ་ཁྲེ་དང་མཉམ་དུ་བརྗེ་རེས་དཔེ་ལྟོས་བྱས་ནས། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཁམ་ཕུ་ཁྲེའི་གྲོས་ཁང་གོང་མ་དང་རྒྱལ་ཚོགས་དང་མཉམ་དུ་མཛའ་མཐུན་མཉམ་ལས་ཟབ་སྤེལ་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཅན། དཔལ་ཡོན་སྣ་མང་ཅན་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་ནི་འགོག་ཐབས་བྲལ་བ་ཞིག་ཡིན་ལ། ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་མེད་པ་དང་། རྒྱལ་ཁབ་གང་ཡིན་རུང་བཀག་སྡོམ་བྱས་ནས་ཁེར་རྐྱང་དུ་སྡོད་པའི་འདུན་པ་མེད་པ་ལོ་རྒྱུས་ལས་བདེན་དཔང་བྱས་ཡོད། ཉོ་ཚོང་འགྲན་རྩོད་ཀྱིས་ཕྱོགས་མང་ཉོ་ཚོང་ལམ་ལུགས་ལ་གཏོར་བརླག་བྱས་པར་མ་ཟད། འཛམ་གླིང་དཔལ་འབྱོར་གྱི་སྒྲིག་སྲོལ་ལ་རྡུང་རྡེག་བྱས་ཡོད་པས། རྒྱལ་ཁབ་སོ་སོས་མཐུན་སྒྲིལ་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་གཙོ་ཁྲིད་དབང་ཆ་དེ་རང་གི་ལག་ལ་དམ་པོར་འཛིན་དགོས་ཤིང་། ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ། ཐུན་མོང་འཕེལ་རྒྱས་བཅས་རྒྱུན་འཁྱོངས་བྱེད་པ་དང་། ལག་རྡང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་དགོས། ཨེ་ཤ་ཡའི་སྤྱི་ཡོངས་དར་སྤེལ་གྱི་མགོ་རྩོམ་ས་གསར་བ་ནས་ལངས་ཏེ། ཀྲུང་གོས་ཟོལ་མེད་དཀྱེལ་ཡངས་ཀྱི་འདུ་ཤེས་དང་། ཁྱིམ་མཚེས་བར་མཛའ་མཐུན་བྱེད་ལ་ཁྱིམ་མཚེས་གྲོགས་པོར་བརྩི་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཉེ་འཁོར་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྒྱུན་སྲིང་རང་བཞིན་དང་གཏན་འཇགས་རང་བཞིན་རྒྱུན་འཛིན་བྱས་ཏེ། ཉེ་འཁོར་རྒྱལ་ཁབ་དང་མཛའ་མཐུན་མཉམ་ལས་ཟབ་སྤེལ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་སྔར་ལས་མང་པོས་ཉེ་འཁོར་ལ་ཕན་ཐོགས་པར་བྱས་ནས། ཉེ་འཁོར་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། ལག་རྡང་སྦྲེལ་ནས་ཨེ་ཤ་ཡའི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས།

ཟླ4པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི། གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སིན་གྱིས་ཅིན་པེན་ཞི་བདེའི་ཚོམས་ཆེན་དུ་མཇལ་འཕྲད་གནང་། 

ཧུང་སིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེར་རྒྱལ་དོན་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུ་བ་དང་། ཐེངས་འདིར་རྒྱལ་དོན་འཚམས་འདྲི་གནང་བ་དེ་ཁམ་ཕུ་ཁྲེའི་ཕྱོགས་ལ་དོན་སྙིང་གལ་ཆེན་ལྡན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོས་ན་ནིང་གི་འཕེལ་རྒྱས་དམིགས་འབེན་བདེ་བླག་ངང་མངོན་འགྱུར་བྱས་པར་མ་ཟད། ཚང་མས་བསྔགས་བརྗོད་བྱེད་པའི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་བླངས་ཡོད་པས། ཁམ་ཕུ་ཁྲེའི་ཕྱོགས་ཀྱིས་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ། ཀྲུང་གོ་ནི་ཁམ་ཕུ་ཁྲེའི་ཆེས་བློ་བརྟན་གྱི་རྒྱབ་སྐྱོར་མཁན་དང་ཆེས་བློས་ཐུབ་ཀྱི་མཉམ་ལས་གྲོགས་པོ་ཡིན་ལ། ཀྲུང་གོའི་རྒྱབ་སྐྱོར་གྱིས་ཁམ་ཕུ་ཁྲེའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ལེགས་སྒྱུར་བྱེད་པར་བྱར་རྗེས་གལ་ཆེན་བཞག་ཡོད་པས། ཁམ་ཕུ་ཁྲེའི་ཕྱོགས་ཀྱིས་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད། ཁམ་ཕུ་ཁྲེའི་ཕྱོགས་ཀྱིས་བློ་རྩ་བརྟན་པོས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཀྲུང་གོའི་ཕྱོགས་ཀྱི་ཐེ་ཝན་དང་ཞིན་ཅང་དང་བོད་ལྗོངས་ལ་འབྲེལ་བ་སོགས་གནད་དོན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ཏེ། སྟོབས་ཤུགས་གང་རུང་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་ཀྱིན་ཡོད། ཁམ་ཕུ་ཁྲེ་དང་ཀྲུང་གོའི་བར་དུ་མཛའ་མཐུན་འབྲེལ་བ་ཡོད་པས། རྒྱལ་ཁབ་གཉིས་ཀྱིས་དུས་རབས་གསར་བའི་དུས་རྣམ་ཀུན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཐག་བཅད་ནས། གྲུབ་འབྲས་སྔར་ལས་ལེགས་པོ་ལེན་པར་བརྩོན་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་ཆུ་ཚད་སྔར་ལས་མཐོ་ཞིང་སྤུས་ཚད་སྔར་ལས་མཐོ་བ། ཚད་གཞི་སྔར་ལས་མཐོ་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོབ་བར་སྐུལ་འདེད་བཏང་སྟེ། ཐོག་མཐའ་བར་གསུམ་དུ་ལག་རྡང་སྦྲེལ་ནས་མཉམ་དུ་ཡར་བརྩོན་བྱེད་པ་དང་སྐྱིད་སྡུག་མཉམ་མྱོང།  ལས་སྐལ་གཅིག་མཐུན་བཅས་བྱེད་དགོས། ཁམ་ཕུ་ཁྲེའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་འཐབ་ཇུས་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་རྒྱ་བསྐྱེད་དེ། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་ཁམ་ཕུ་ཁྲེར་ཡོང་ནས་དངུལ་གཏོང་བྱེད་པར་དགའ་བསུ་བྱེད་པ་དང་། མི་གཞུང་བརྗེ་རེས་ཟབ་སྤེལ་ལ་སྐུལ་འདེད་བཏང་སྟེ། དྲ་རྒྱའི་རྒྱན་འགུག་དང་གློག་རྡུལ་མགོ་སྐོར་ལ་རྡུང་རྡེག་ནན་མོ་གཏོང་འདོད་ཡོད། ཁམ་ཕུ་ཁྲེའི་ཕྱོགས་ཀྱིས་ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ཐད་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་བཏོན་པར་བསྟོད་བསྔགས་ཚད་མེད་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་དང་གོ་ལ་ཧྲིལ་བོའི་གྲོས་མགོ་ཆེན་མོ་གསུམ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་ཞི་བདེ་དང་བདེ་འཇགས་བརྟན་བརླིང་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད། ཉོ་ཚོང་འགྲན་རྩོད་དང་སྒོ་ཁྲལ་འགྲན་རྩོད་ཀྱིས་རྒྱལ་ཁབ་སོ་སོའི་ཁྲིམས་མཐུན་ཁེ་ཕན་ལ་གནོད་པ་བྱས་ནས། རྒྱལ་སྤྱིའི་གནས་བབ་ཛ་དྲག་ཏུ་འགྱུར་སྲིད་པས། ཁམ་ཕུ་ཁྲེའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། ལག་རྡང་སྦྲེལ་ནས་ཉེན་ཁའི་འགྲན་རྩོད་རིགས་སྣ་ཚོགས་ལ་ཁ་གཏད་གཅོག་འདོད་ཡོད།

ཚའེ་ཆི་དང་ཝང་དབྱི། ཝང་ཞའོ་ཧུང་སོགས་མཇལ་འཕྲད་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།