ཞི་ཅིན་ཕིང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོ་བྱ་བར་མཛུབ་སྟོན་གལ་ཆེན་གནང་།
2025.05.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོ་བྱ་བར་མཛུབ་སྟོན་གལ་ཆེན་གནང་ནས། ལོ་ལྔའི་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འབེབས་དང་མུ་མཐུད་ལག་བསྟར་བྱ་རྒྱུ་ནི། ང་ཚོའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དགེ་མཚན་གལ་ཆེན་ཞིག་ཀྱང་ཡིན།  “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོ་དང་ལག་བསྟར་བྱ་རྒྱུ་དེ་ནི། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། ཚན་རིག་དང་མཐུན་པའི་ཇུས་ཆོད་དང་དམངས་གཙོའི་ཇུས་ཆོད། ཁྲིམས་ལྟར་ཇུས་ཆོད་བཅས་རྒྱུན་འཁྱོངས་བྱས་ཏེ། རྩེ་རིམ་ཇུས་འགོད་དང་དམངས་ཇུས་འདྲི་རྩད་གཅིག་གྱུར་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱེད་ཤུགས་ཆེ་རུ་གཏོང་བ། ཐུན་མོང་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྡུད་བཅས་བྱས་ཏེ། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་མི་དམངས་མང་ཚོགས་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་བསམ་འཆར་དང་གྲོས་གཞིར་ཉན་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་ལག་ལེན་ཁྲོད་གསར་གཏོད་བྱས་པའི་ཉམས་མྱོང་གསར་བ་བསྡུ་ལེན་གང་ལེགས་བྱས་ཏེ། དམིགས་འབེན་ལས་འགན་དང་སྲིད་ཇུས་བྱེད་ཐབས་ཀྱི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་ལ་མཐོང་ཆེན་བྱས་ནས། འཆར་འགོད་སྒྲིག་བཟོའི་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་འགྲུབ་བྱེད་དགོས་ཞེས་ནན་གྱིས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།