ཟླ5པའི་ཚེས19ནས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་ནན་ཞིང་ཆེན་དུ་རྟོག་ཞིབ་མཛད། པར་འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལའོ་དབྱང་ཀྲིག་ཁྲིན་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟིའི་རིག་ནུས་བཟོ་གྲྭར་རྟོག་ཞིབ་མཛད་བཞིན་པ་རེད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཧི་ནན་ཞིང་ཆེན་དུ་རྟོག་ཞིབ་མཛད་སྐབས། དུས་རབས་གསར་པའི་འཐབ་ལམ་གསར་པར། ཧི་ནན་གྱིས་ཏང་ཀྲུང་དབྱང་གི་དབུས་རྒྱུད་ས་ཁུལ་མགྱོགས་མྱུར་སྒོས་དར་རྒྱས་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ནན་ཏན་གྱིས་དོན་འཁྱོལ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིབ་ཟབ་ཏུ་སྤེལ་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་དང་ཞིང་ལས་སྟོབས་ལྡན་གྱི་ཞིང་ཆེན་ཧུར་ཐག་གིས་འཛུགས་སྐྲུན་བྱེད་པདང་། དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། རིག་གནས་ཧུར་ཐག་གིས་དར་རྒྱས་གོང་འཕེལ་དུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཕན་ནུས་ཆེ་བའི་བཅོས་སྐྱོང་ལ་བརྟེན་ཏེ། དབུས་རྒྱུད་ས་གཞི་ཆེན་མོའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་འབད་པས་འབྲི་དགོས་ཞེས་ནན་གྱིས་བསྟན།
ཟླ5པའི་ཚེས19ནས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་ནན་དུ་རྟོག་ཞིབ་མཛད། པར་འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལའོ་དབྱང་འཁོར་རྟེན་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟིའི་རིག་ནུས་བཟོ་གྲྭར་རྟོག་ཞིབ་མཛད་དེ་ཁེ་ལས་ཀྱི་ལས་བཟོ་པར་བསམ་ཚུལ་བརྗེ་རེས་གནང་བཞིན་པའི་ཚུལ་རེད།
ཟླ5པའི་ཚེས19ཉིན་ནས་ཚེས20ཉིན་བར། ཧི་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིའུ་ཉིང་དང་། ཧྲིན་ཀྲང་ཝང་ཁའེ་ཡི་འགྲོ་རོགས་འོག་ཞི་ཅིན་ཕིང་སྔ་གཞུག་ཏུ་ལའོ་དབྱང་དང་ཀྲིན་ཀྲོའུ་རུ་ཕེབས་ནས་རྟོག་ཞིབ་མཛད། ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཐོག་མར་ལའོ་དབྱང་འཁོར་རྟེན་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟིར་རྟོག་ཞིབ་ཏུ་ཕེབས། ཀུང་ཟི་འདི་ནི་དེ་སྔོན“ལོ་ལྔའི་འཆར་གཞི་དང་པོའི”སྐབས་སུ་བསྐྲུན་པའི་ལའོ་དབྱང་འཁོར་རྟེན་བཟོ་གྲྭ་རེད། རིག་ནུས་བཟོ་གྲྭར་ཞི་ཅིན་ཕིང་གིས་ཁེ་ལས་འཕེལ་རྒྱས་ཀྱི་རིམ་པར་རྒྱུས་ལོན་མཛད་པ་དང་། རིགས་མི་འདྲ་བའི་འཁོར་རྟེན་ཐོན་རྫས་ཀྱི་སྤྱོད་སྒོ་དང་བྱེད་ནུས་ཀྱི་ངོ་སྤྲོད་ལ་གསན་ཞིང་། ཐོན་སྐྱེད་ལས་རིམ་ལ་ཉེ་བར་བཅར་ཏེ་ཐོན་སྐྱེད་ལས་རིམ་ལ་གཟིགས་ཞིབ་གནང་། ཁོང་གིས་ཁེ་ལས་ཀྱི་ལས་བཟོ་པར་གསུངས་དོན། བཟོ་སྐྲུན་ལས་རིགས་ནི་རྒྱལ་དམངས་དཔལ་འབྱོར་གྱི་འདེགས་རྟེན་གཙོ་བོ་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་བཟོ་སྐྲུན་ལས་རིགས་ཀྱིས་ལུགས་མཐུན་གྱི་བསྡུར་ཚད་སྲུང་འཛིན་བྱ་དགོས། དེང་རབས་ཀྱི་བཟོ་སྐྲུན་ལས་རིགས་འདི་ཚན་རྩལ་གྱི་ནུས་པ་དང་འབྲལ་ཐབས་མེད་པས། ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་བསྣན་ཏེ། རང་བརྟེན་གསར་གཏོད་ཀྱི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས། ཁོང་གིས་ལས་བཟོ་པར་བདག་པོའི་སྙིང་སྟོབས་དར་སྤེལ་བཏང་ནས། ཁེ་ལས་འཕེལ་རྒྱས་ཁྲོད་འབད་འབུངས་ཡར་བརྩོན་དང་བྱས་རྗེས་མང་པོ་འཇོག་དགོས་པའི་སྐུལ་མ་གནང་།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ད་དུང་མུ་མཐུད་དུ་བཟོ་སྐྲུན་ལས་རིགས་ལེགས་པར་སྐྱོང་དགོས་ལ། བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་རང་ཉིད་ཀྱིས་ཁོང་དུ་ཆུད་དགོས་པ་དང་། རེ་བ་དེ་ཁྱེད་ཚོའི་ཕྲག་ལ་བཅོལ་བ་ཡིན།
དེའི་རྗེས་སུ། ཞི་ཅིན་ཕིང་ཧན་རྒྱལ་རབས་ཤར་མའི་དུས་སྐབས་སུ་བཞེངས་པའི་པའེ་མཱ་དགོན་པར་ཕེབས་ནས་རྟོག་ཞིབ་མཛད་པ་དང་། ནང་བསྟན་ཀྲུང་གོ་ཅན་དང་དགོན་པའི་རིག་དངོས་སྲུང་སྐྱོབ་ཀྱི་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་མཛད། ཁོང་གིས་པའེ་མཱ་དགོན་གྱིས་ནང་བསྟན་ཆོས་ལུགས་དར་བ་ནས། འཕེལ་རྒྱས་སུ་ཕྱིན་པ་མ་ཟད་མུ་མཐུད་དུ་ཀྲུང་གོ་ཅན་དུ་འགྱུར་བའི་འཕེལ་རིམ་དེ་ར་སྤྲོད་བྱས་ཡོད། རང་རྒྱལ་གྱིས་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་ནི་ཡང་དག་པའི་ཁ་ཕྱོགས་ཤིག་ཡིན་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་པ་དང་། ཆོས་ལུགས་འདི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཉམ་དུ་འདྲེས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པར་འབད་པས་ཁྲིད་སྟོན་བྱ་དགོས་ཞེས་གསུངས།
ལོ་ངོ་ཆིག་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ལུང་མོན་བྲག་ཕུག་ནི་འཛམ་གླིང་གི་རིག་གནས་ཤུལ་བཞག་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གནས་དེར་ཕེབས་ནས། བྲག་ཕུག་གི་སྤྱིའི་བཀོད་པ་དང་མཚོན་བྱེད་རང་བཞིན་གྱི་བྲག་ཕུག་དང་འཇིམ་བརྙན་ལ་གཟིགས་ཞིབ་མཛད་ལ། ཡུལ་དངོས་ཀྱི་རིག་དངོས་སྲུང་སྐྱོབ་ལས་སྒྲུབ་པར་བརྩེ་བའི་ངང་གསུང་གླེང་མཛད། ཁོང་གིས་ཀྲུང་ཧྭའི་རིག་གནས་ཀྱི་གཅེས་ནོར་འདི་དག་སྲུང་སྐྱོབ་ལེགས་པོ་དང་། རྒྱུན་འཛིན་ལེགས་པོ། དར་སྤེལ་ལེགས་པོ་བྱེད་དགོས་ཞེས་ནན་གྱིས་བསྟན། ཞི་ཅིན་ཕིང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དེ་ཉིད་སྲོག་ཤིང་ཐོན་ལས་དང་། དམངས་འཚོ་ཐོན་ལས། བདེ་སྐྱིད་སྐྲུན་པའི་ཐོན་ལས་སུ་བསྒྱུར་དགོས། ཞི་ཅིན་ཕིང་གིས་ད་དུང་དམིགས་བསལ་སྒོས་གྲོགས་པོ་ཆུང་ཆུང་ཚོ་ཡུལ་དངོས་སུ་སོང་ནས་ཀྲུང་ཧྭའི་རིག་གནས་ཀྱི་རྩ་བ་སྙེག་པ་དང་། ཆུང་དུས་ནས་རང་གི་རིག་གནས་ཀྱི་གདེང་ཚོད་སྐྱེད་སྲིང་བྱེད་དགོས་པའི་སྐུལ་ལྕག་གནང་།
ཚེས20ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧི་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་པ་དང་། ཧི་ནན་ཞིང་ཆེན་གྱིས་ཕྱོགས་སོ་སོའི་ཐད་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ལེགས་པོ་གནང་ནས། དུས་རིམ་རྗེས་མའི་བྱ་བར་བླང་བྱ་བཏོན།
ཞི་ཅིན་ཕིང་གིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངེས་ཡོད་བླང་བྱ་ཡིན། རྙོག་འཛིང་ཆེ་བའི་ཕྱིའི་ཁོར་ཡུག་ལ་ཁ་གཏད་དེ། ཚང་མས་ཡིད་ཆེས་བརྟན་པོ་བཅངས་ནས་བློ་བརྟན་འགྱུར་མེད་ཀྱིས་རང་གི་བྱ་བ་ལེགས་པོར་སྒྲུབ་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ། ལས་ཞུགས་བརྟན་པོར་གཏོང་བ་དང་། ཁེ་ལས་བརྟན་པོར་གཏོང་བ། ཁྲོམ་ར་བརྟན་པོར་གཏོང་བ། སྔོན་དཔག་བརྟན་པོར་གཏོང་བ་བཅས་ཀྱི་ཕྱོགས་སུ་ཤུགས་སྣོན་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངེས་གཏན་རང་བཞིན་ལ་བརྟེན་ནས་ངེས་གཏན་མིན་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་དེ་གནོད་སེལ་བྱེད་དགོས། ཧི་ནན་ནི་དཔལ་འབྱོར་གྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་པའི་ཆ་ནས། དངོས་ཕུང་དཔལ་འབྱོར་གྱི་རྨང་གཞི་དེ་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་བྱེད་པ་དང་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་བཏང་སྟེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་བསྣན་ནས་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་བརྟན་པོར་འཁུར་བ་དང་། དེང་རབས་ཞིང་ལས་ཀྱི་ཐོན་ལས་རྒྱུན་ཐག་སྲིང་བ་དང་མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་ཁྲིད་བྱེད་པ་དང་། མཁར་གྲོང་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ངང་གཙོ་གནད་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་གཏིང་ཟབ་ཏུ་བཏང་སྟེ། སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་ཇེ་བརྟན་དུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཧི་ནན་གྱི་མི་འབོར་བསྡོམས་གྲངས་དང་། མི་འབོར་འདུས་ཚད། མི་འབོར་འགྲོ་འོང་བྱེད་ཚད་བཅས་ཚང་མ་ཅུང་མང་། སྤྱི་ཚོགས་ཀྱི་གནད་དོན་རྙོག་འཛིང་ཆེ་བས། ངེས་པར་དུ་ཏན་ཏན་ཏིག་ཏིག་གིས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དགོས། ཏང་གི་འགོ་ཁྲིད་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་སྤྱི་གསར་པ་བཅས་ཀྱི་ཏང་འཛུགས་བྱ་བར་ཤུགས་སྣོན་དགོས། མང་ཚོགས་ལ་མཐུན་སྒྲིལ་སྔར་ལས་ལེགས་པོ་དང་ཞབས་འདེགས་སྔར་ལས་ལེགས་པོ་ཞུས་ཏེ་མང་ཚོགས་ཀྱི་ཁེ་ཕན་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། བྱམས་བརྩེའི་ངང་མང་ཚོགས་ཀྱི་འཕྲལ་མཁོ་དང་དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། གཞི་རིམ་དམ་འཛིན་དང་། རྨང་གཞི་བརྟན་པོར་གཏོང་བ། རྩ་བ་བརྟན་འཛུགས་བཅས་འབུར་དུ་ཐོན་པར་བྱེད་པ་དང་། ཐོན་ཁུངས་དང་། ཞབས་ཞུ། དོ་དམ་བཅས་གཞི་རིམ་དུ་ཕྱོགས་པར་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་གི་བྱ་བ་སོ་སོ་མགོ་རྔ་ཀུན་ཏུ་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་དགོས། ཁྲིམས་སྐྱོང་དང་ཡིད་རྟོན་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཁྲིམས་སྐྱོང་གིས་སྤྱི་ཚོགས་བཅོས་སྐྱོང་གི་ཚད་ལྡན་དང་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ཟོལ་མེད་ཡིད་རྟོན་གྱི་རིན་ཐང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། སྲིད་གཞུང་གི་ཡིད་རྟོན་དང་ཁེ་ལས་ཀྱི་ཡིད་རྟོན། སྤྱི་ཚོགས་ཀྱི་ཡིད་རྟོན་བཅས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྐྱོང་བྱེད་པར་དམ་པོར་དམིགས་ཏེ། སྤྱི་ཚོགས་བདེ་འཇགས་ཀྱི་སྤྱི་ཡོངས་སྔོན་འགོག་ཚོད་འཛིན་ལ་ཤུགས་བསྣན་ནས། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱས་ཏེ་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་སྲུང་སྐྱོབ་ཏན་ཏིག་བྱེད་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་རང་འགུལ་གྱིས་བྱ་བ་སྒྲུབ་སྟེ། སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་ནས་གནས་བབ་གསར་པའི་འོག་གི་ཏང་གི་མང་ཚོགས་བྱ་བའི་ཆོས་ཉིད་ཕྱོགས་བསྡོམས་བྱེད་མཁས་པ་དང་། སྤྱི་ཚོགས་ཀྱི་ཚོགས་པ་མི་འདྲ་བའི་ཁྱད་ཆོས་ལ་དམིགས་ཏེ་ལས་ཀ་ཞིབ་ཚགས་དང་ཏན་ཏིག་སྒྲུབ་མཁས་པར་བྱེད་དགོས། ཕྱི་ཚུལ་རིང་ལུགས་ཀྱིས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་བཏང་ནས། གཞི་རིམ་ལས་བྱེད་པས་བློ་ཁོག་ཆེན་པོས་ལས་དོན་སྒྲུབ་པ་དང་སྙན་གྲགས་འཛུགས་པར་རྒྱབ་སྐྱོར་དང་། མང་ཚོགས་ཀྱིས་རང་ངོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱ་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ཏང་ཀྲུང་དབྱང་གིས་ཡིད་ཆེས་བརྟན་པོ་བྱེད་པའི་བྱེད་ཐབས་ཤིག་དང་དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་མཚོན་རྟགས་རང་བཞིན་གྱི་བྱེད་ཐབས་ཤིག་ཡིན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི་ད་ལོའི་ཏང་འཛུགས་སྐྱོང་བྱ་བའི་གཙོ་གནད་ལས་འགན་ཡིན། གཞི་གཅིག་ཅན་གྱི་སློབ་སྦྱོང་དང་ཞིབ་བཤེར་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་བསྣན་ནས། ཏང་ཡོན་ལས་བྱེད་པ་སྒེར་གྱིས་སྐྱོན་ཆ་འཚོལ་བ་དང་དག་ཐེར་བྱ་རྒྱུ་དེ་རྩ་འཛུགས་ཀྱིས་སྐྱོན་ཆ་འཚོལ་བ་དང་དག་ཐེར་བྱ་རྒྱུ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། སྤྱོད་ལམ་གྱི་བླང་བྱ་ནན་མོ་དེ་བྱེད་ཐབས་ནན་མོ་རུ་བསྒྱུར་བ་དང་སྒྲིག་ལམ་ནན་མོ་རུ་བཏང་ནས། སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་ཞིབ་བཤེར་ལ་ནུས་ཤུགས་ཡོད་པ། ལེགས་བཅོས་ལ་ཕན་འབྲས་ཡོད་པ་བཅས་ལ་ཁག་ཐེག་བྱ་དགོས། སློབ་སྦྱོང་སློབ་གསོ་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གིས་རང་འགན་གཙང་སྒྲུབ་ནན་ཏན་བྱས་ནས། བྱ་བའི་གཙོ་གནད་དེ་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་གཏོང་བའི་ཐད་བཞག་སྟེ། གནད་འཁེལ་མཛུབ་ཁྲིད་དང་དངོས་ཕན་དོན་གཉེར་བྱ་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོར་རང་རྒྱལ་གྱི་ས་ཁུལ་ཁ་ཤས་སུ་ཐན་སྐྱོན་བྱུང་བ་དང་ས་ཆ་ལ་ལ་རུ་ད་དུང་ཐན་སྐྱོན་མཚམས་ཆད་མེད་པས། འབྲེལ་ཡོད་སྡེ་ཁག་གིས་གཞོགས་འདེགས་དམ་ཟབ་དང་ཆུ་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ཆུ་མཁོ་འདོན་དང་ཞིང་ཆུ་འདྲེན་པའི་དགོས་མཁོ་སྐོང་བར་ཁག་ཐེག་བྱ་དགོས། ཐན་པ་བྱུང་ཚེ་ཞོད་སྐྱོན་འབྱུང་སྲིད་པས། ཐན་ཞོད་གློ་བུར་དུ་འབྱུང་བར་ནན་འགོག་བྱ་དགོས། ཆར་ཞོད་ཆེ་བའི་དུས་སུ་འཁེལ་བས་ས་གནས་ཁག་གིས་ཆུ་ལོག་འགོག་པའི་ཐད་ངེས་པར་དུ་གྲ་སྒྲིག་ཞིབ་ཚགས་བྱས་ཏེ། སྔོན་ཇུས་གང་ལེགས་དང་དེར་གདོང་གཏོད་པར་ཁག་ཐེག་བྱ་དགོས། ཆུ་ལོག་དང་འདམ་རྡོའི་ཆུ་རུད་སོགས་རང་བྱུང་གནོད་འཚེ་འབྱུང་སླ་བའི་ས་ཁུལ་དུ་འཕྲལ་བསྟུན་ཐག་གཅོད་ཀྱི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས།
ཧི་ལིས་ཧྥིན་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་མཉམ་དུ་རྟོག་ཞིབ་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གཉིས་པའི་འགན་འཁུར་བློ་མཐུན་སྙན་ཞུའི་ཚོགས་འདུར་ཞུགས།