ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧི་ནན་དུ་རྟོག་ཞིབ་གནང་སྐབས། ཧི་ནན་གྱིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། ཏང་ཀྲུང་དབྱང་གི་དབུས་རྒྱུད་ས་ཁུལ་མགྱོགས་མྱུར་དར་རྒྱས་གཏོང་བ་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཕན་འབྲས་ཆེ་བའི་བཅོས་སྐྱོང་ལ་བརྟེན་ནས། ཀྲུང་ཡོན་ས་ཁུལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་འབད་པས་རྩོམ་དགོས་ཞེས་ནན་བཤད་གནང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་ཟབ་སྤེལ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་རྣམ་པ་གསར་པ་བསྐྲུན་རྒྱུ་དང་། ཕན་འབྲས་ཆེ་བའི་བཅོས་སྐྱོང་ལ་ཕན་འབྲས་གསར་པ་ཐོབ་པར་འབད་རྒྱུ་ཡིན་ཞེས་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་མདུན་ལམ་རྒྱ་ཆེན་པོ་ལྡན་པས། རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཐོན་ལས་གཙོ་བོ་དང་དམངས་ཚིས་ཐོན་ལས། བདེ་སྐྱིད་ཀྱི་ཐོན་ལས་བཅས་དོན་དང་ལྡན་པ་བསྐྲུན་དགོས་ཞེས་གསུངས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བླང་བྱ་ལྡོག་མེད་ཅིག་ཡིན། རྙོག་འཛིང་ཆེ་བའི་ཕྱི་རོལ་ཁོར་ཡུག་གི་མདུན་དུ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངེས་གཏན་རང་བཞིན་ལ་བརྟེན་ནས་ངེས་གཏན་མིན་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་འཇལ་དགོས། དངོས་ཕུང་དཔལ་འབྱོར་གྱི་རྨང་གཞི་སྔར་ལས་སྲ་བརྟན་དུ་བཏང་ནས། རྨོ་ཞིང་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་བར་དང་། དེ་ནས་གཙོ་གནད་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པའི་བར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཡིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་ཧི་ནན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་བསྟན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ཏང་ཀྲུང་དབྱང་གི་གཞི་རྟེན་འཆའ་སའི་བྱ་སྤྱོད་ཅིག་ཡིན་ལ། དུས་རབས་གསར་པའི་ཏང་དོ་དམ་དང་ཏང་སྐྱོང་གི་མཚོན་རྟགས་རང་བཞིན་གྱི་བྱེད་ཐབས་ཤིག་ཀྱང་ཡིན། སློབ་སྦྱོང་དང་ཞིབ་བཤེར་དང་བཅོས་སྒྱུར་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས་ནས། སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་ཞིབ་བཤེར་ལ་ནུས་ཤུགས་འཛོམས་པ། བཅོས་སྒྱུར་ལ་ཕན་འབྲས་ལྡན་པར་འགན་ལེན་བྱེད་དགོས་ཞེས་གསུངས།
ད་ལོ་ནས་བཟུང་རང་རྒྱལ་གྱི་ས་ཁུལ་ཁ་ཤས་སུ་ཐན་པ་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་སྤྱོད་བཀོད་གཏོང་ལ་ཤུགས་བསྣན་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཆུ་མཁོ་འདོན་དང་ཞིང་ལས་ཆུ་འདྲེན་གྱི་དགོས་མཁོར་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་། ཐན་པ་ཡོད་ན་ཐན་སྐྱོན་འབྱུང་སྲིད་པས། ཐན་སྐྱོན་ཆེན་པོ་མི་འབྱུང་བའི་ཐད་སྔོན་འགོག་ནན་མོ་བྱེད་དགོས། ས་གནས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཐན་སྐྱོན་ལ་ཁ་གཏད་ནུས་ལྡན་འཇལ་བའི་དུས་མཚུངས་སུ། ཆུ་ལོག་སྔོན་འགོག་གྲ་སྒྲིག་ལ་ཤུགས་བསྣན་ནས། སྔོན་ཇུས་གང་ལེགས་འཐེན་ཐུབ་པར་འགན་ལེན་བྱེད་ཀྱིན་འདུག
བན་དེ་སྐྱབས་ཀྱིས་བསྒྱུར།