ཞི་ཅིན་ཕིང་གིས་ཁོང་ཀོ(པུའུ)ཡི་སྲིད་འཛིན་སཱ་སུའུ་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་གྲུབ་འབྲས་དོན་འཁྱོལ་མཐུན་སྦྱོར་བྱེད་མཁན་པུའུ་ཀྲང་རིམ་པའི་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།
2025.06.12 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་ཀོ(པུའུ)ཡི་སྲིད་འཛིན་སཱ་སུའུ་དང་མཉམ་དུ་སོ་སོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་གྲུབ་འབྲས་དོན་འཁྱོལ་མཐུན་སྦྱོར་བྱེད་མཁན་པུའུ་ཀྲང་རིམ་པའི་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

 ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་ངོ25འཁོར་བའི་རིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་ནུས་ལྡན་སྒོས་སྐུལ་ཁྲིད་བྱས་ཏེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ན་ནིང་གི་ཟླ9པར། ང་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་སྟེང་ལག་གདང་སྦྲེལ་ནས་དེང་རབས་ཅན་དྲུག་ལ་སྐུལ་འདེད་བཏང་སྟེ་གྲོགས་པོའི་འགུལ་སྐྱོད་ཆེན་པོ་བཅུ་ལག་བསྟར་བྱ་རྒྱུར་མོས་མཐུན་བྱུང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་དེ་དུས་རབས་གསར་བའི་དུས་རྣམ་ཀུན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པའི་དུས་རིམ་གསར་བར་སླེབས་པར་སྣེ་ཁྲིད་བྱས། ཕྱོགས་གཉི་གའི་ཐུན་མོང་འབད་བརྩོན་འོག རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱས་པར་དགའ་འོས་པའི་གྲུབ་འབྲས་ཁག་གཅིག་ཐོབ་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉི་གས་ད་དུང2026ལོའི“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་གཞུང་བརྗེ་རེས་ལོའི”ཐད་ཐུན་མོང་གི་ངོས་འཛིན་བྱུང་ཡོད་ལ། དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་ལ་གསོན་ཤུགས་གསར་པ་སྣོན་ཐུབ་པར་ཡིད་ཆེས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  མིག་སྔར་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེ། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་དང་། ཀྲུང་གོའི་ཁྲོམ་ར་ཆེན་པོས་ཨ་ཧྥེ་རི་ཁ་སོགས་གོ་ལ་ཧྲིལ་པོའི་འཕེལ་རྒྱུས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོགས་པོར་སྒུལ་ནུས་གསར་པ་མཁོ་འདོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན། ཀྲུང་གོས་དཔལ་འབྱོར་གྲོགས་པོའི་འབྲེལ་བ་མཉམ་དུ་འཕེལ་རྒྱས་གཏོང་རྒྱུའི་གྲོས་མཐུན་ལ་གྲོས་མོལ་བྱས་ནས་མིང་རྟགས་བཀོད་པ་བརྒྱུད།  ཨ་ཧྥེ་རི་ཁའི་འབྲེལ་བ་བཙུགས་པའི་རྒྱལ་ཁབ53ལ100%ཡི་དཔྱ་ཁྲལ་རྣམ་གྲངས་ཀྱི་ཐོན་རྫས་ལ་སྒོ་ཁྲལ་མི་བསྡུ་བའི་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་། དེ་དང་མཉམ་དུ། ཨ་ཧྥེ་རི་ཁའི་དར་རྒྱས་ཆུང་བའི་རྒྱལ་ཁབ་ཀྱིས་ཀྲུང་གོར་ཕྱིར་གཏོང་བྱ་རྒྱུར་སྔར་ལས་སྟབས་བདེ་མང་བོ་བསྐྲུན་འདོད་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་གྲོགས་པོའི་འགུལ་སྐྱོད་ཆེན་པོ་བཅུ་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལྗང་མདོག་ཐོན་ལས་དང་། གློག་རྡུལ་ཚོང་དོན་དང་གཏོང་སྤྲོད། ཚན་རྩལ། མིས་ཐབས་རིག་ནུས་སོགས་ཁྱབ་ཁོངས་གཙོ་བོའི་མཉམ་ལས་ལ་ཤུགས་སྣོན་པ་དང་། བདེ་འཇགས་དང་། དངུལ་རྩ། ཁྲིམས་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱས་ནས།  ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད།

ཞི་ཅིན་ཕིང་གིས་བསྟན་དོན།  སྒོ་འབྱེད་མཉམ་ལས་ནི་འགྲོ་ལམ་ཡང་དག་ཅིག་དང་གཉིས་ཕན་མཉམ་རྒྱལ་ནི་དམངས་སེམས་གཏད་ཕྱོགས་ཤིག་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དེས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་བཏང་ནས།  འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་བྱ་གཞག་ལ་སྔར་ལས་འོད་སྟོང་འཕྲོ་བའི་མདུན་ལམ་གཏོད་རྒྱུ་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀྱིས་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡོང་བར་མུ་མཐུད་དུ་སྐུལ་འདེད་བཏང་ནས། གླེང་སྟེགས་ཀྱི་མ་འོངས་འཕེལ་རྒྱས་ལ་ཇུས་འགོད་ཞིབ་ཚགས་བྱེད་པ་དང་། ལག་གདང་སྦྲེལ་ནས་དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཏེ།  མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྟོབས་ཤུགས་འབུལ་རྒྱུའི་རེ་བ་བཅངས་ཡོད།

སཱ་སུའུ་ཡིས་རྟེན་འབྲེལ་འཕྲིན་ཡིག་ལས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་འཚོགས་པའི་ཚུན་ལ།  ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འཐབ་ཇུས་དངོས་གཉེར་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཐེངས་འདིའི་མཐུན་སྦྱོར་མི་སྣའི་ཚོགས་འདུ་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་ངོ25འཁོར་བའི་ལོ་ལ་ཁེལ་ཡོད།  ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུ་དང་བློ་རྩ་བརྟན་པོས་སྐུལ་འདེད་གཏོང་རྒྱུ་ཡིན་ལ། ཕྱོགས་གཉིས་ཀྱི་མི་དམངས་ལ་ཕན་བདེ་གང་མང་བསྐྲུན་རྒྱུ་ཡིན། ཁོང་ཀོ(པུའུ)ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་དང་མཉམ་དུ། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོའི་འོག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་།  ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཐད་ཀྱི་སྣེ་མང་འཛམ་གླིང་མཉམ་དུ་བསྐྲུན་པར་རིང་དུ་གྱེས་ནས།  ཀུན་ཕན་དཀྱེལ་ཡངས་ཀྱི་གོ་ལ་ཧྲིལ་པོ་ཅན་གྱི་དུས་རབས་གསར་པའི་འགོ་རྩོམ་འདོད་ཡོད།