ཟླ6པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཅུ་གཉིས་པའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཡུན་རིང་གི་འཆར་འགོད་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པ་ནི་ང་ཚོའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞེས་པ་སྤེལ། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2015ལོའི་ཟླ10པ་ནས2025ལོའི་ཟླ4པའི་བར་གྱི་རྒྱས་བཤད་གལ་ཆེན་སྐོར་གནད་བསྡུས་བྱས་པ་ཞིག་རེད།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཚན་རིག་གི་གཏན་འབེབས་དང་ལོ་ལྔའི་འཆར་འགོད་རྒྱུན་མཐུད་སྒོས་ལག་བསྟར་བྱེད་པ་ནི་ང་ཚོའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་དགེ་མཚན་གལ་ཆེན་ཞིག་ཀྱང་རེད། ཀྲུང་གོ་གསར་པ་བཙུགས་ནས་ཅང་མ་འགོར་བར། ང་ཚོའི་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་བཏོན། ལོ་ལྔའི་འཆར་འགོད་དང་པོ་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་བར་གྱི་བརྗོད་གཞི་གཙོ་བོ་ནི་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཏུ་འཛུགས་སྐྲུན་བྱེད་རྒྱུ་དེ་རེད། བརྒྱུད་རིམ་དེའི་ཁྲོད། ང་ཚོའི་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ངོས་ཟིན་ཇེ་ཟབ་ནས་ཇེ་ཟབ་ཏུ་གྱུར་བ་དང་། འཐབ་ཇུས་ཐད་སྔར་ལས་འཐུས་ཚང་དུ་གྱུར་ལ། ལག་ལེན་ཐད་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གྱུར་ནས། རང་རྒྱལ་གྱི་དེང་རབས་ཅན་འཕེལ་རྒྱས་ཀྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་།
རྩོམ་ཡིག་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ལས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་འགྲེལ་བཤད་ཟབ་མོ་བྱས་ཤིང་། དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆེས་མཐོའི་རྩེ་རིམ་ཇུས་འགོད་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དུས་རིམ་དབྱེ་ཞིང་ཁྱབ་ཁོངས་བགར་ནས་སྐུལ་འདེད་བཏང་བ་ཞིག་ཡིན་པས། དུས་རིམ་སོ་སོའི་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་འཕེལ་རྒྱས་ཀྱི་འཐབ་ཇུས་དངོས་འབེབས་བྱེད་པར་རྩེ་རིམ་ཇུས་འགོད་སྔར་བཞིན་དགོས་མཁོ་ཆེ། འཛམ་གླིང་འཕེལ་རྒྱས་ཀྱི་གནས་བབ་གསལ་བོར་རྟོགས་དགོས་ཤིང་། མི་དམངས་མང་ཚོགས་ཀྱི་ཐུན་མོང་རེ་འདུན་དམ་འཛིན་ཡང་དག་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་འཚོལ་ཞིབ་ནན་མོ་བྱེད་དགོས་ལ། གཏན་འབེབས་བྱས་པའི་འཆར་འགོད་དང་སྲིད་ཇུས་ཀྱི་མ་ལག་ལ་དུས་རབས་རང་བཞིན་མངོན་པ་དང་། ཆོས་ཉིད་རང་བཞིན་དམ་འཛིན་བྱེད་པ། གསར་སྐྲུན་རང་བཞིན་གྱིས་ཕྱུག་པ་བཅས་བྱས་ཏེ། ཉེ་རིང་ཟུང་འབྲེལ་དང་གོང་འོག་སྦྲེལ་མཐུད། ནང་དོན་མཐུན་སྦྱོར་བཅས་བྱེད་དགོས།
རྩོམ་ཡིག་ལས་བསྟན་དོན། མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་རེ་སྨོན་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན་ལ། མི་དམངས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ནི་ང་ཚོའི་རྒྱལ་ཁབ་ཀྱི་ཡར་བརྩོན་སྟོབས་ཤུགས་ཡིན། བྱེད་ཕྱོགས་སྲིད་ཇུས་དང་འཕེལ་རྒྱས་འཆར་འགོད་ལེགས་ཤོས་དེ་མི་དམངས་ཀྱི་འདོད་བློར་མཐུན་ཞིང་། མི་དམངས་ཀྱི་རེ་འདུན་དང་འཚམ་པ་ཞིག་ཡིན་དགོས་ཕྱིར། མང་ཚོགས་ཀྱི་ཁྲོད་ནས་ཡོང་སྟེ་མང་ཚོགས་ཀྱི་ཁྲོད་དུ་འགྲོ་དགོས། ལོ་ལྔའི་འཆར་འགོད་སྒྲིག་བཟོ་བྱེད་པ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོར་ཁྱབ་ཡོད་ལ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པས། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་པ་དང་དམངས་ཀྱི་དགོས་མཁོ་འདྲི་བ་རྒྱུན་འཁྱོངས་བྱེད་པ་གཉིས་གཅིག་གྱུར་བྱས་ཏེ། སྤྱི་ཚོགས་ཀྱི་རེ་འདུན་དང་མང་ཚོགས་ཀྱི་བློ་གྲོས། ཆེད་མཁས་པའི་བསམ་འཆར། གཞི་རིམ་གྱི་ཉམས་མྱོང་བཅས་འཆར་འགོད་སྒྲིག་བཟོའི་བརྒྱུད་རིམ་ཁྲོད་འདུ་བར་བྱེད་དགོས།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འཆར་གཞི་འགོད་སྐབས། ངེས་པར་དུ་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དུས་རིམ་རང་བཞིན་གྱི་བླང་བྱ་དམ་འཛིན་ཡང་དག་བྱེད་དགོས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་དམིགས་ཤིང་། རྩ་བའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་དམ་པོར་དམིགས་ཏེ། ཁྱབ་ཁོངས་རེ་རེས་ལུགས་མཐུན་སྒོས་དམིགས་འབེན་ལས་འགན་གཏན་འཁེལ་བྱེད་པ་དང་བསམ་ཕྱོགས་བྱེད་ཐབས་འདོན་དགོས། ཕྱོགས་སོ་སོའི་དམིགས་འབེན་ལས་འགན་ལ་དམིགས་ནས། དབྱེ་ཞིབ་བརྡར་གཅོད་ནན་མོ་བྱེད་པ་དང་། ཚན་རིག་གནད་འཁེལ་དང་དུས་བཅད་མངོན་འགྱུར་ཡོང་བར་ཁག་ཐེག་བྱེད་དགོས། གཅིག་གྱུར་འཆར་འགོད་བྱེད་པ་དང་། འགག་རྩའི་རང་བཞིན་དང་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་དམ་འཛིན་བྱས་ཏེ། དལ་ལྷོད་དང་མྱུར་ཚད་དམ་འཛིན་བྱེད་པ་དང་། དགེ་མཚན་སྲ་བརྟན་རྒྱ་སྐྱེད་དང་འགག་གནད་དཀད་གནད་སེལ་བ། ཞན་ཆ་དང་མི་འདང་སར་ཁ་གསབ་བྱེད་པ། སྤུས་ཚད་མཐོ་བའི་ཕན་ནུས་མཐོར་འདེགས་གཏོང་བ་བཅས་ལ་དོ་སྣང་བྱས་ནས། སྤྱིའི་དམིགས་འབེན་ལ་ཕྱོགས་ནས་གཅིག་གྱུར་རང་བཞིན་སྲུང་འཛིན་བྱེད་དགོས། ས་ཁུལ་སོ་སོས་ས་གནས་རང་གི་འཆར་འགོད་སྒྲིག་བཟོ་བྱེད་པར་དངོས་ཡོད་ལ་ཟུང་འབྲེལ་དང་དངོས་ཐོག་བདེན་འཚོལ་བྱས་ཏེ། འཆར་འགོད་ལག་བསྟར་བྱེད་ཤུགས་དང་དངོས་འབེབས་བྱེད་ཤུགས་ཇེ་ཆེར་གཏོང་དགོས།
ལྷ་མོ་འཚོས་བསྒྱུར།