ཚེས2ཉིན་གྱི་སྔ་དྲོར། ཀྲུང་ཧྭ་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་ཀྲུང་ཧྭ་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ཉེར་བརྒྱད་པ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་འཕྲིན་སྤྲིངས་ནས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་ན་གཞོན། ན་གཞོན་སློབ་མ། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ཆེའི་ཀྲུང་ཧྭའི་ན་གཞོན་ཚོར་འཚམས་འདྲི་ཞུས།
ཞི་ཅིན་ཕིང་གིས་ཤིས་འཕྲིན་ལས་ལོ་ལྔའི་རིང་ལ་ཏང་གི་འགོ་ཁྲིད་དང་གུང་གཞོན་ཚོགས་པའི་རོགས་རམ་དང་མཛུབ་སྟོན་འོག རིམ་པ་སོ་སོའི་ན་གཞོན་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་འགན་གཙང་སྒྲུབ་དང་ཧུར་ཐག་ལས་སྒྲུབ་བྱས་ཤིང་། རྒྱ་ཆེའི་ན་གཞོན་དང་ན་གཞོན་སློབ་མ་རྣམས་རྩ་འཛུགས་དང་སྐུལ་སློང་བྱས་ནས། ཏང་གི་རྗེས་སུ་འབྲངས་པ་དང་ཡར་རྒྱས་བརྩོན་ལེན་བྱས་ལ། ལང་ཚོའི་སྟོབས་ཤུགས་བཏོན་ནས། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་གྱི་ཞུམ་མེད་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་ཐད་ན་གཞོན་ཚོར་མདུན་ལམ་ཆེན་པོ་ཡོད། རྒྱ་ཆེའི་ན་གཞོན་ཚོས་རང་རྟོགས་ངང་ཏང་དང་མི་དམངས་ཀྱི་འབོད་སྐུལ་ལ་ཉན་པ་དང་། ཕུགས་འདུན་དང་དད་སེམས་ཇེ་བརྟན་དུ་གཏོང་བ། རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཕོད་པར་བྱས་ཏེ། ཁག་ཁུར་ཆེན་པོས་ལང་ཚོའི་ལེའུ་འབད་པས་འབྲི་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ན་གཞོན་བྱ་བར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དགོས་པ་དང་། ན་གཞོན་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། རྒྱ་ཆེའི་ན་གཞོན་དང་ན་གཞོན་སློབ་མ་རྣམས་བདེ་བླག་ངང་འཚར་ལོངས་འབྱུང་བ་དང་བྱས་རྗེས་འཇོག་པར་མཐུན་རྐྱེན་ལེགས་པོ་བསྐྲུན་དགོས། ན་གཞོན་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་བཏང་ནས། སྔར་ལས་ལེགས་པའི་སྒོ་ནས་རྒྱ་ཆེའི་ན་གཞོན་དང་ན་གཞོན་སློབ་མ་ཚོར་མཐུན་སྒྲིལ་སྒོས་ཏང་གི་དར་ཆའི་འོག་སྐྱོད་ལམ་གསར་པར་འབད་པས་བསྐྱོད་པ་དང་གྲུབ་འབྲས་གསར་པ་ལེན་པར་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་འགོ་རྩོམ་ཚོགས་འདུར་ཞུགས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུན་གྱིས་ཚོགས་ཐོག་ཏུ་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལའེ་ཡིས་ཏང་ཀྲུང་དབྱང་གི་ཚབ་ཏུ་ཤིས་ཚིག་ཕུལ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱིས་ཀྲུང་གོའི་ན་གཞོན་འགུལ་སྐྱོད་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ལ་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། དུས་རབས་གསར་པའི་ཏང་གི་ན་གཞོན་བྱ་བའི་ཐད་སྔར་ལས་ཆེ་བའི་གྲུབ་འབྲས་གསར་པ་འཐོབ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་བློ་ལ་བརྟན་པོར་ངེས་དགོས་པ་དང་། ཕུགས་བསམ་ཡོད་ཅིང་འགན་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་འདོད་པའི་དུས་རབས་གསར་པའི་ན་གཞོན་བཟང་པོ་བྱ་རྒྱུའི་སེམས་ཤུགས་ཡོད་དགོས་ཤིང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་རང་འགན་དུ་བརྩིས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐྱོད་ལམ་གསར་པའི་སྟེང་འགན་ཆེན་པོ་འཁུར་བའི་ལང་ཚོའི་ལེའུ་འབད་པས་འབྲི་དགོས་ཟེར།
ལིས་ཀན་ཅེ་དང་ཁྲིན་ཝུན་ཆིང་། ལིའུ་ཅིན་གོ ཝང་ཞའོ་ཧུང་། ཐེ་ཉིང་། པ་ཐིར་བཅས་ཚོགས་འདུར་ཞུགས།
ཚོགས་ཆེན་གྱི་འགོ་རྩོམ་ཚོགས་འདུའི་སྟེང་། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཨ་ཏུང་གིས་ཤིས་ཚིག་ཕུལ། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཧོ་ཅུན་ཁི་ཡིས་མི་དམངས་ཚོགས་པའི་ཚབ་བྱས་ནས་ཤིས་ཚིག་ཕུལ། གུང་གཞོན་ཚོགས་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི། རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གསུམ་པའི་ཀྲུའུ་ཞི་ཞུས་ཞའོ་དང་། རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་སྐབས་ཉེར་བདུན་པའི་ཀྲུའུ་ཞི་ཞུས་ཧུའེ་གཉིས་ཀྱིས་སོ་སོར་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་སྐབས་ཉེར་བདུན་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཏུ་བྱ་བའི་སྙན་ཞུ་ཕུལ།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་མི་དམངས་ཚོགས་པ། པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན། རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ཉེར་བརྒྱད་པའི་འཐུས་མི། རྒྱལ་སའི་ལས་རིགས་སོ་སོའི་ན་གཞོན་དང་ན་གཞོན་སློབ་མའི་འཐུས་མི་སོགས་མི300འགོ་རྩོམ་ཚོགས་འདུར་ཞུགས།
ཐེངས་འདིའི་ཚོགས་ཆེན་ལས་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་ལྔའི་རིང་གི་བྱ་བ་ལ་ཕྱོགས་བསྡོམས་དང་། མ་འོངས་པའི་ལོ5རིང་གི་བྱ་བའི་ལས་འགན་ལ་ཞིབ་འཇུག་བྱས་ཏེ་གཏན་ཁེལ། ཀྲུང་ཧྭ་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག་དང་ཀྲུང་ཧྭ་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག་ལ་བཟོ་བཅོས། སྐབས་གསར་པའི་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ལས་ཁུངས་འདེམས་བསྐོ་བཅས་བྱ་རྒྱུ་རེད།