ཞི་ཅིན་ཕིང་གིས་འཛམ་གླིང་དཔལ་ཡོན་གླེང་མོལ་གྱི་པུའུ་ཀྲང་རིམ་པའི་ཚོགས་འདུར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས།
2025.07.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ7ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་དཔལ་ཡོན་གླེང་མོལ་གྱི་པུའུ་ཀྲང་རིམ་པའི་ཚོགས་འདུར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན། སྣ་མང་དཔལ་ཡོན་ནི་འཛམ་གླིང་གི་རང་མདངས་ཡིན། ལོ་རྒྱུས་ཀྱིས་ང་ཚོར་དཔལ་ཡོན་དར་རྒྱས་དང་མིའི་རིགས་ཡར་ཐོན་གང་ཡིན་རུང་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔེ་ལྟ་བྱེད་པར་ཁ་འབྲལ་ཐབས་མེད་པ་གསལ་སྟོན་བྱས་ཡོད། ད་ལྟ།  རྒྱལ་སྤྱིའི་གནས་བབ་རྙོག་འཛིང་དུ་འགྱུར་བཞིན་ཡོད་པ་དང་། མིའི་རིགས་བཞི་མདོ་གསར་པ་རུ་གནས་ལ། དཔལ་ཡོན་བརྗེ་རེས་ལ་བརྟེན་ནས་དཔལ་ཡོན་གྱི་འགལ་ཟླ་ལས་བརྒལ་བར་བྱེད་པ་དང་། དཔལ་ཡོན་སྦྱོང་རེས་ལ་བརྟེན་ནས་དཔལ་ཡོན་གྱི་འགལ་ཟླ་སེལ་རྒྱུ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ། འདྲ་མཉམ་དང་ཕན་ཚུན་དཔེ་ལྟ། གླེང་མོལ། དཀྱེལ་ཡངས་བཅས་དཔལ་ཡོན་གྱི་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་གཞི་ལག་བསྟར་བྱེད་པ། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གླེང་མོལ་མཉམ་ལས་དྲ་རྒྱ་འཛུགས་པར་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་དང་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་པ་སྣོན་དགོས། འཐུས་མི་རྣམས་ཀྱིས་བརྗེ་རེས་གཏིང་ཟབ་བྱེད་པ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ཕན་ཚུན་རྒྱུས་ལོན་བྱེད་པར་སྐུལ་འདེད་གཏོང་བ་དང་རིག་གནས་མི་འདྲ་བ་འཆམ་མཐུན་མཉམ་གནས་ཡོང་བའི་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་བའི་རེ་བ་བཅངས་ཡོད།

འཛམ་གླིང་དཔལ་ཡོན་གླེང་མོལ་གྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཚེས10ཉིན་པེ་ཅིང་དུ་འཚོགས་འགོ་བརྩམས་པ་དང་། བརྗོད་དོན་ནི་“མིའི་རིགས་ཀྱི་དཔལ་ཡོན་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱས་ནས། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན་ཞིང་། དེ་ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས།