ཤེས་རིག་ཕན་ཚུན་བརྗེ་རེས་བྱས་ཏེ་རིག་གནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་པ་བརྗོད་དོན་ཡིན་པའི་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཚེས27ཉིན་ཀོང་ཀྲོའུ་རུ་འཚོགས་པ་དང་། རྒྱལ་ཁབ་དང་ས་ཁུལ་མང་པོ་ནས་ཡོང་བའི་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་ཀྲུང་ཧྭའི་ཤེས་རིག་ལ་ཞིབ་འཇུག་བྱེད་མཁན་གྱི་ཆེད་མཁས་པ་དང་མཁས་དབང་། སྐུ་མགྲོན་བཅས་མི110ཙམ་བགྲོ་གླེང་ཚོགས་འདུར་ཞུགས།
ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧོང་ཁུན་མེན་གྱིས་བགྲོ་གླེང་ཚོགས་འདུའི་གླེང་སྟེགས་གཙོ་བོ་རུ་ཤིས་ཚིག་འབུལ་སྐབས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནི་དུས་རབས་གསར་པའི་རིག་གནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་བསམ་བློའི་མཛུབ་སྟོན་ཡིན་ལ། འཛམ་གླིང་གི་ཤེས་རིག་མེ་ཏོག་སྣ་བརྒྱ་མཉམ་བཞད་ཅན་གྱི་ལྡུམ་ར་འཛུགས་སྐྲུན་བྱེད་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་ཡོད། ཀོང་ཏུང་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་སྲོག་རྒྱུན་བརྟན་སྲུང་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྩ་བ་རྒྱུན་མཐུད་བྱེད་པ། རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་རྒྱུན་ཆད་མེད་པར་སྐུལ་སྤེལ་གཏོང་བ། རྒྱལ་སྤྱིའི་མི་གཞུང་རིག་གནས་བརྗེ་རེས་མཉམ་ལས་ཁྱབ་རྒྱ་ཆེ་རུ་གཏོང་བ། ཀྲུང་ཧྭའི་ཤེས་རིག་གི་མཛེས་སྡུག་མངོན་ཐུབ་པའི་སྒེའུ་ཁུང་གལ་ཆེན་སྔར་ལས་ལེགས་པར་བསྐྲུན་ནས། ཀོང་ཏུང་གི་དེང་རབས་ཅན་འཛུགས་སྐྲུན་ལ་བསམ་པའི་སྟོབས་ཤུགས་དང་རིག་གནས་སྟོབས་ཤུགས་ཆེན་པོ་སྣོན་རྒྱུ་ཡིན་ཟེར།
ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཧུང་ཏ་ཡུང་གིས་ཤིས་ཚིག་འབུལ་སྐབས། ཤེས་རིག་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ནང་དོན་གལ་ཆེན་ཞིག་ཡིན་ཞིང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་ཤེས་རིག་རྒྱུན་མཐུད་དང་རིག་གནས་དར་རྒྱས་གོང་འཕེལ་གཏོང་བའི་ནང་གནས་ཀྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་པ་གང་ལེགས་སྒོས་མཚོན་ཐུབ་ཅིང་། དེང་སྐབས་འཛམ་གླིང་གི་ཤེས་རིག་མི་འདྲ་བ་མཉམ་གནས་བྱེད་པའི་ཐབས་ལམ་གསལ་སྟོན་བྱས་ཡོད་ལ། ལོ་བརྒྱའི་འགྱུར་ལྡོག་ཁྲོད་མིའི་རིགས་ཀྱི་ཤེས་རིག་གང་དུ་ཕྱོགས་དགོས་མིན་ཐད་ཀྱི་འཛམ་གླིང་གི་གནད་དོན་དང་དུས་རབས་ཀྱི་གནད་དོན་ལ་ལན་གསལ་བོ་བཏབ་ཡོད། དུས་རབས་གསར་པར་རིག་གནས་འཕེལ་རྒྱས་དང་ཤེས་རིག་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཤེས་རིག་སྣ་ཚོགས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར་བྱས་ནས། མཉམ་དུ་མིའི་རིགས་ཀྱི་ཤེས་རིག་གི་མཛེས་སྡུག་མངོན་སའི་མེ་ཏོག་མཉམ་བཞད་ཀྱི་ལྡུམ་ར་གང་མང་གསོ་སྐྱོང་དང་དེར་སྲུང་སྐྱོང་བྱ་དགོས་ཟེར།
ཞིན་ཧྭ་གསར་འགྱུར་ཁང་གི་འགོ་གཙོ་ཧྥུའུ་ཧྭ་ཡིས་ཤིས་ཚིག་འབུལ་སྐབས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གིས་རིག་གནས་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པའི་ལག་ལེན་ཉམས་མྱོང་ལ་རིགས་པའི་གཞུང་ལུགས་ཀྱིས་སྤྱི་སྡོམ་བྱས་པ་ཞིག་ཡིན་ལ། མིའི་རིགས་ཀྱི་ཤེས་རིག་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་འཛམ་གླིང་ཧྲིལ་པོའི་གཞུང་ལུགས་ཤིག་ཀྱང་ཡིན། ཞིན་ཧྭ་གསར་འགྱུར་ཁང་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་དྲིལ་སྒྲོག་དང་ཞིབ་འཇུག་ལས་དོན་ཟམ་མི་ཆད་པར་ཟབ་སྤེལ་གཏོང་བ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ནང་འདུས་པའི་རིན་ཐང་འདུ་ཤེས་དང་བློ་གྲོས་ཐབས་ཤེས་ལ་རྒྱུན་མཐུད་ངང་འགྲེལ་བཤད་ཡག་པོ་བྱ་རྒྱུ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ། ཀྲུང་ཧྭའི་ཤེས་རིག་དང་འཛམ་གླིང་གི་ཤེས་རིག་ཕན་ཚུན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་གཏམ་རྒྱུད་ཡག་པོ་འཆད་པ། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་སོགས་ཡར་ཐོན་འདུ་ཤེས་ལ་འགྲེལ་བཤད་ཡག་པོ་བྱས་ཏེ། རིག་གནས་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་སྔར་ལས་གང་མང་འབུལ་རྩིས་ཡོད་ཟེར།
ཀྲུང་ཧྲན་སློབ་ཆེན་གྱི་སློབ་གཙོ་ཀའོ་སུང་གིས་ཤིས་ཚིག་འབུལ་སྐབས། ཀྲུང་ཧྲན་སློབ་ཆེན་གྱིས་མར་ཁེ་སི་རིང་ལུགས་ཀྱི་བླ་སྲོག་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྩ་བ་བརྟན་སྲུང་བྱས་ཏེ། མཐོ་རིམ་སློབ་ཆེན་གྱི་རིག་གནས་དགོངས་པ་ཁྱབ་སྤེལ་བྱེད་པའི་ཐབས་ལམ་ནུས་ལྡན་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་ཀྱིན་ཡོད། ཀྲུང་ཧྲན་སློབ་ཆེན་གྱིས་འབྱུང་འགྱུར་ཀྱི་ཐད་ནས་རྒྱལ་ཁབ་འཐབ་ཇུས་ཀྱི་དགོས་མཁོ་གལ་ཆེན་དང་། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེན་མོའི་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ། ཀྲུང་གོའི་ཉམས་མྱོང་ལ་གཞིགས་ནས་རིག་གཞུང་བསམ་བློ་གསར་པ་གཅིག་སྡུད་དང་རིག་གཞུང་གི་མ་དཔེ་གསར་པ་འཚོལ་ཞིབ་བྱས་ནས། རང་བདག་གི་སྐད་ཆའི་མ་ལག་འཛུགས་པའི་ཁྲོད་ཤེས་རིག་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་ནས། རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་ཟེར།
ཨུ་ཟ་བྷེ་ཁི་སི་ཐན་རིག་གནས་ཤུལ་བཞག་ཧྲུའུ་ཡི་ཧྲུའུ་ཀྲང་གཞོན་པ་དང་པོ་ཐུའུ་ཨར་སུའུ་ན་ལིས·ཁུའུ་ཆིས་ཡེ་ཧྥུའུ་ཡིས་བཤད་རྒྱུར། འཕོ་འགྱུར་ཆེན་པོའི་མདུན་དུ། ཤེས་རིག་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྔར་ལས་སྐུལ་འདེད་གཏོང་བའི་དགོས་ངེས་རང་བཞིན་མངོན་གསལ་ཅན་འགྲོ་བཞིན་ཡོད། ཤེས་རིག་ཕན་ཚུན་དཔྱད་གཞིར་འཛིན་པའི་འདུ་ཤེས་ཀྱིས་མིའི་རིགས་ཡོངས་ཀྱི་བདེ་སྐྱིད་དམིགས་འབེན་དུ་བཟུང་ནས། འདྲ་མཉམ་དང་ཕན་ཚུན་བསམ་ཤེས་ཀྱི་ཟླ་གྲོགས་འབྲེལ་བ་འཛུགས་རྒྱུར་ལག་ལེན་གྱི་ཐབས་ལམ་གསལ་སྟོན་བྱས་ཡོད་པར་བརྟེན། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་ཕན་ཐོགས་ཡོད། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་གཉིས་གས་ཤེས་རིག་ཕན་ཚུན་དཔྱད་གཞིར་འཛིན་པའི་ཐད་ཐུན་མོང་གི་འདུ་ཤེས་དང་འདུན་པ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་པས། ཕན་ཚུན་ཡིད་ཆེས་དང་མཉམ་ལས་ཟབ་སྤེལ་བཏང་བ་བརྒྱུད། འཛམ་གླིང་གི་མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།
ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མཚན་ཉིད་རིག་པའི་ཞིབ་འཇུག་སའོ་ཡི་སའོ་ཀྲང་ཀྲང་ཀྲི་ཆང་གིས་བཤད་རྒྱུར། ཤེས་རིག་དར་རྒྱས་དང་མིའི་རིགས་ཡར་རྒྱས་ཡོང་བ་ཚང་མ་ཤེས་རིག་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དང་ཁ་འབྲལ་ཐབས་མེད། ཀྲུང་ཧྭའི་ཤེས་རིག་གི་ལོ་རྒྱུས་ནི་ཤེས་རིག་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་བཟུང་ནས་ཡོང་བ་ཡིན་པའི་དབང་གིས། དེ་ནི་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ལྡན་དུ་འཕེལ་བཞིན་པའི་ལོ་རྒྱུས་ཤིག་ཡིན། ཤེས་རིག་མི་འདྲ་བའི་བར་གྱི་འགྲོ་འོང་ལག་ལེན་གྱིས་ཕན་ཚུན་རོགས་སྐྱོར་བྱེད་པའི་ཀུན་སྤྱོད་ཀྱི་ཚོར་བ་བརྒྱུད་པ་ཡིན་ན། གཞི་ནས་ཐུན་མོང་གི་འཚར་ལོངས་མངོན་འགྱུར་ཡོང་ཐུབ། ཤེས་རིག་བརྗེ་རེས་དང་ཕན་ཚུན་སློབ་སྦྱོང་བྱས་ན་རང་རང་གི་མཛེས་སྡུག་དང་ཁྱད་སྟོབས་མངོན་ཐུབ་པའི་ཞོར་ནས་མཛེས་སྡུག་མཉམ་བཞད་ཅན་གྱི་ཤེས་རིག་གི་སྒྲིག་ལམ་གསོ་སྐྱོང་བྱེད་ཐུབ་ཟེར།
ཚོགས་འདུར་ཞུགས་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནི་གཞི་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་འགྲོ་འོང་བརྗེ་རེས་དང་ཤེས་རིག་ཕན་ཚུན་དཔྱད་གཞིར་འཛིན་པའི་ལས་དོན་ལ་ཤུགས་སྣོན་པ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། འཛམ་གླིང་ཧྲིལ་པོའི་ཐུན་མོང་གི་གནད་དོན་ཐག་གཅོད་བྱེད་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱེད་པ། མཉམ་སྤྱོད་དང་གསར་གཏོད། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ། མཉམ་དུ་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་གཏོད་བྱེད་པར་ཕན་ཐོགས་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།