སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ76འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་མི་དམངས་དུང་ཕྱུར་མང་པོའི་སྐྱོད་ལམ་གསར་པར་བསྐྱོད་པའི་སྟོབས་ཤུགས་དྲག་པོ་གཅིག་ཏུ་བསྒྲིལ། ཚང་མས་བསྟན་དོན། དུས་ཚོད་སྐར་ཆ་རེ་བརྩོན་ལེན་དང་ནམ་ཡང་ལྷོད་གཡེང་མེད་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ། ཀྲུང་ཧྭ་མི་རིགས་འཇིག་ཉེན་ལ་ཐུག་པ་ནས་རླབས་ཆེན་བསྐྱར་དར་ཕྱོགས་སུ་བསྐྱོད་པར། ལམ་བར་དུ་དཀའ་སྤྱད་དང་དཀའ་སྡུག་གིས་ཁེངས་ཡོད་ལ། ལམ་ཧྲིལ་བོར་སྤོབས་སེམས་ཀྱིས་ཁེངས་ཤིང་རྒྱལ་ཁའི་གླུ་དབྱངས་ལེན་བཞིན་ཡོང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བསྟན་དོན། རླབས་ཆེན་གྱི་གྲུབ་འབྲས་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་ཤིང་། བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་མདུན་ལྗོངས་ལེགས་ལ། མུ་མཐུད་དུ་འབད་པ་བྱས་ཏེ་སླར་ཡང་མཚར་སྡུག་སྐྲུན་དགོས།
ཧུའུ་ནན་ཞིང་ཆེན་ཧྲའོ་དབྱང་གྲོང་ཁྱེར་ལུང་ཧུའེ་རྫོང་ཧུའུ་ཞིན་ཧྲན་ཡའོ་རིགས་ཡུལ་ཚོ་ ཚའོ་ཡོན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཁྲིན་ཆན་ཨི་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་གིས་མི་རྣམས་ལ་སེམས་འགུལ་ཚད་མེད་ཐེབས་སུ་བཅུག་ལ། ད་ལྟའི་བདེ་སྐྱིད་འཚོ་བ་བསྐྲུན་པར་བཀའ་དྲིན་ཞུ། འདམ་ལམ་དེ་སྣུམ་ལམ་དུ་གྱུར་ཞིང་། ས་ཁང་དེ་འབྱོར་འབྲིང་ཐོག་ཁང་དུ་གྱུར་པ་དང་། རབས་ལྔའི་བརྡ་རྟགས་རི་ཀླུང་དུ་ཁྱབ་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་སྟེ་ཐོན་ལས་དར་རྒྱས་བཏང་ནས་ཡུལ་མི་ཕྱུག་པོར་འགྱུར་བར་སྐུལ་ཁྲིད་བྱེད་དགོས་ཟེར།
བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་མཁར་སྡེའི་སྡོད་དམངས་ཀརྨ་ཚུལ་ཁྲིམས་ཀྱིས་བཤད་རྒྱུར། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་ལྗོངས་ཀྱིས་དུས་ཡུན་ཐུང་ཐུང་ལོ་ངོ་བཅུའི་ནང་། ལོ་ངོ་སྟོང་ཕྲག་བརྒལ་བའི་མི་ཡུལ་གྱི་ངོ་མཚར་བསྐྲུན། ཡར་སྔོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་བོད་ལྗོངས་ལ་ཕེབས་པར་མཐོ་སྒང་གི་བུ་དང་བུ་མོ་ཚོར་སེམས་འགུལ་ཆེན་པོ་ཐེབས། རྗེས་མར་ང་ཚོས་འཚོ་བ་སྔར་ལས་སྐྱིད་པོ་རོལ་ཏེ། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་སྔར་ལས་ངོ་མཚར་ཆེ་བ་ཞིག་ཏུ་རྩོམ་རྒྱུ་ཡིན།
ཀོང་ཞི་ལིའུ་ཀྲོའུ་གྲོང་ཁྱེར་ལིའུ་པེ་ཆུས་གཡོད་ཅིན་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧོང་ཧྲ་ལིའུ་ཡིས་བཤད་རྒྱུར། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་རྒྱུན་མི་ཆད་པར་རྣམ་པ་གསར་པ་བཏོད་པས། ང་ཚོར“གཏན་ཕབ་གཉིས”ནི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བའི་ངེས་གཏན་རང་བཞིན་ཆེ་ཤོས་དང་གདིང་ཚོད་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་ཡིན་པའི་ངོས་འཛིན་ཟབ་མོ་བྱུང་། ང་ཚོས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྡོད་དམངས་ཀྱི་སྐྱིད་སྣང་དང་ཐོབ་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཟེར།
ད་ལོ། ང་ཚོས་ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་རྗེས་དྲན་བྱས་ཏེ། མི་རིགས་ཀྱི་སྙིང་སྟོབས་ཆེས་ཆེར་འཕེལ་བ་དང་རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་ནས། འབད་འཐབ་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ལོ་རྒྱུས་ཀྱི་ཉམས་མྱོང་མུ་མཐུད་དུ་བེད་སྤྱོད་གང་ལེགས་བྱས་ཏེ། རྒྱལ་ཁབ་འཛུགས་སྐྲུན་ལེགས་པོ་བྱས་ནས། འགོ་ཁྲིད་རྒན་རབས་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ཀྱིས་བསྐྲུན་པའི་བྱ་གཞག་རྒྱུན་ཆད་མེད་པར་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བར་བྱ་དགོས།
ཤར་ཕྱོགས་འཐབ་ཁུལ་སྐམ་དམག་མདའ་དཔུང་ག་གེ་མོའི་ཝང་ཡུས་ཐའོ་ཡིས་བཤད་རྒྱུར། གཟིགས་ཞིབ་དང་ལེན་བྱས་པའི་དམག་དཔུང་གི་ཁོངས་མི་ཞིག་ཡིན་པའི་ཆ་ནས། ངས་ལས་ཁུངས་ཀྱི་དམག་དར་དང་མཉམ་དུ་ཏང་དང་མི་དམངས་ཀྱི་གཟིགས་ཞིབ་དང་ལེན་བྱས་པས། རང་ཉིད་ཀྱི་ཕྲག་གི་འགན་འཁྲི་ལྕི་བའི་མྱོང་ཚོར་ཟབ་མོ་བྱུང་། ལོ་རྒྱུས་ཀྱི་རྒྱུན་བཟུང་ནས། ང་ཚོས་ངེས་པར་དུ་དུས་ཚོད་སྐར་ཆ་རེ་བརྩོན་ལེན་དང་ནམ་ཡང་ལྷོད་གཡེང་མི་གཏོང་བའི་འབད་འཐབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་དམག་སྦྱོང་དམག་གྲབས་ཀྱི་འགུལ་སྐྱོད་དངོས་ལ་ཞུགས་ཏེ། ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་གྱི་དམིགས་འབེན་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་འབུལ་དགོས་ཟེར།
ད་ལྟའི་ཀྲུང་གོར་ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་འཕེལ་ནས། སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་། བློ་ཐག་རྦད་ཆོད་ཀྱིས“ལོ་ལྔའི་འཆར་འགོད་བཅུ་བཞི་པར”རྒྱལ་ཁ་བླངས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”བཀོད་སྒྲིག་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་མི་རྣམས་ཀྱི་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ།
གློག་སྡུད་སྒུལ་ཤུགས་འདུས་འགྱུར་ཆེན་པོའི་ཚན་རིག་སྒྲིག་ཆས་ཀྱི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་པའེ་ཁྲའོ་ཧོང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་རྗེས། ང་ཚོར་སེམས་འགུལ་ཆེན་པོ་ཐེབས། སྐྱོད་ལམ་གསར་པ་རུ། ང་ཚོས་ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་དངོས་སྒྲུབ་བྱས་ཏེ། གློག་སྡུད་སྒུལ་ཤུགས་འདུས་འགྱུར་ཆེན་པོའི་ཚན་རིག་སྒྲིག་བཀོད་འཛུགས་སྐྲུན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གསར་གཏོད་ཀྱི་གྲུབ་འབྲས་ཆེན་པོ་ལོན་པར་བརྩོན་ལེན་བྱེད་དགོས་ཟེར།
ཧི་ཐའོ་ཧྲིན་ཀང་ཚན་རྩལ་གསར་གཏོད་མཉམ་ལས་ཆུས་ཧྲིན་ཀྲིན་གླིང་ཁུལ་འཕེལ་རྒྱས་ཧྲུའུ་འཆར་འགོད་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་ལིའུ་ཡོན་གྱིས་བཤད་རྒྱུར། གནས་བབ་གསར་པའི་འོག་གི་འགྲན་སློང་གསར་པར་གདོང་གཏད་དེ། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་དགོས་པ་དང་། “སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་འཛིན་དགོས་ལ། ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད་ཀྱི་སྒུལ་ཤུགས་ཟུང་རྒྱུན་འཁྱོངས་བྱས་ནས། ཀོང་ཏུང་དང་ཞང་ཀང། ཨའོ་མོན་གྱི་མཚོ་ཁུག་ཆེན་མོའི་སྤུས་ལེགས་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་དགོས།
རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར། ངལ་རྩོལ་པ་གྲངས་ལས་འདས་པ་ཞིག་གི་རྔུལ་ཆུ་ལས་བསྐྲུན་པའི་ཕུགས་བསམ་དང་ལག་ཟུང་ལ་བརྟེན་ནས་བསྐྲུན་པའི་རིན་ཐང་ལ་ཁ་འབྲལ་ཐབས་མེད། ཚང་མས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་དངོས་སྒྲུབ་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་མཚར་བའི་ལེའུ་རྩོམ་དགོས།
ཧེ་ལུང་ཅང་ཞིང་ཆེན་ཐེ་ལིས་གྲོང་ཁྱེར་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་དཔོན་ཞང་ཅ་ཞིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་ང་ཚོར་མདུན་དུ་བསྐྱོད་པར་སྐུལ་མ་གཏོང་བཞིན་ཡོད། ད་ལྟ་ང་ཚོས་སྟོན་འབྲུ་བསྡུ་བའི་ཡུལ་དངོས་སུ་འབད་བརྩོན་བྱེད་བཞིན་ཡོད། ད་ལྟའི་ཞིང་ལས་ཚན་རྩལ་གྱི་སྟོབས་ཤུགས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། ཞིང་པ་གསར་པ་ཡིན་པའི་ཆ་ནས། ང་རང་མུ་མཐུད་དུ་ས་ནག་ནང་དུ་རྐང་ཚུགས་ཏེ། ཞིང་ལས་ཐོན་འབབ་འཕར་བ་དང་ཞིང་པའི་ཡོང་སྒོ་འཕར་བར་བྱེད་དགོས་ཟེར།
ནང་སོག་ཝུའུ་ཧྲིན་ཆིས་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ལས་བཟོ་བ་ཁྲིན་ཙི་ལེའང་གིས་བཤད་རྒྱུར། “བྱང་གསུམ”བཟོ་སྐྲུན་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས་མུ་མཐུད་དུ་ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་སྡུག་རུས་ཀྱིས་བྱ་བ་བསྒྲུབ་སྟེ། ཆོད་སེམས་སྔར་ལས་བརྟན་པའི་སྒོ་ནས་བྱེ་འགོག་བྱེ་བཅོས་ཀྱི་ཡུལ་དངོས་དང་པོ་རུ་གཞི་ཚུགས་དགོས་ལ། སྐྱེ་ཁམས་ཀྱི་ལྕགས་རི་གཟབ་ནན་སྒོས་བསྐྲུན་ཏེ། མཛེས་སྡུག་གི་ཀྲུང་གོའི་འཛུགས་སྐྲུན་ལ་སྟོབས་ཤུགས་འབུལ་དགོས་ཟེར།
སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་རི་ཆུ་ཀྲི་ཀུག་ཟམ་ཆེན་ལས་གཞིའི་བཀོད་འདོམས་པ་གཞོན་པ་པཱ་ཝང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ང་ཚོར་སྟོབས་ཤུགས་ཆེན་པོ་བསྩལ་བྱུང་། རྒྱལ་སྟོན་གུང་གསེང་སྐབས་སུ་ང་ཚོ་ལས་བཟོ་བ1000ལྷག་གིས་ལས་ཡུལ་དང་པོ་རུ་བརྟན་སྲུང་བྱེད་བཞིན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པ་བཞིན། དུས་ཚོད་སྐར་ཆ་ཙམ་ཡང་འཕྲོ་ལྷག་ཏུ་མི་གཏོང་བར་དུས་དང་རྣམ་པ་ཀུན་ཏུ་འབད་བརྩོན་བྱེད་པའི་འབད་འཐབ་སྙིང་སྟོབས་དང་། སྤུས་ཚད་མཐོ་བའི་སྤུས་ལེགས་བཟོ་སྐྲུན་ལ་བརྟེན་ནས། ལྕགས་ལམ་སྔ་མོ་ནས་ཤར་གཏོང་ཐུབ་པར་ཁག་ཐེག་བྱེད་དགོས་ཟེར།
ཞང་ཀང་དང་ཨའོ་མོན་གྱི་ལས་རིགས་སོ་སོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་ཁོ་ཚོའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ཡིད་ཆེས་སྔར་ལས་ཆེ་རུ་ཕྱིན་ཡོད་པར་བསྟན།
ཞང་ཀང་སི་ཁྲོན་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་ཐང་ཨན་དབྱིན་གྱིས་བཤད་རྒྱུར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ཞང་ཀང་གི་ལས་རིགས་སོ་སོས“རྒྱལ་གཅེས་པས་ཞང་ཀང་སྐྱོང་བ”ཞེས་པའི་རྩ་དོན་འདི་ཁོང་དུ་ཆུད་པར་བྱས་ཏེ། རྒྱལ་ཡོངས་མི་དམངས་དང་མཉམ་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རྒྱལ་ཁའི་ལག་ལེན་གྱི་ལེའུ་གསར་པ་མཉམ་དུ་རྩོམ་དགོས་ཟེར།
ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་ཁྲིམས་འཛུགས་ལྷན་ཚོགས་ཀྱི་གྲོས་མི་ཧོང་ཅེ་ཀྲིན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་ཁྲོད། སྐྱོད་ལམ་གསར་པའི་སྟེང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་དགོས་ཞེས་གསུང་བ་བཞིན། ང་ཚོས་རྒྱལ་གཅེས་ཨའོ་གཅེས་ཀྱི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱེད་པ་དང་། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་རྒྱལ་སྲིད་སྐྱོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། དཔལ་འབྱོར་འོས་འཚམ་གྱིས་འཕེལ་བར་སྐུལ་འདེད་གཏོང་དགོས། མེས་རྒྱལ་དར་རྒྱས་བྱུང་ན་ཨའོ་མོན་སྔར་ལས་དར་རྒྱས་བྱུང་བར་གདོན་མི་ཟ་ཟེར།