ཟླ10པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འཛམ་གླིང་བུད་མེད་རྩེ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་བརྗོད་དོན་གཙོ་བོའི་གསུང་བཤད་གནང་སྟེ། འཛམ་གླིང་བུད་མེད་ལས་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གྲོས་འགོ་གསར་པ་དང་བྱེད་ཐབས་གསར་པ་བཏོན། ཚོགས་ཞུགས་རྒྱལ་ཁབ་མང་པོའི་འགོ་ཁྲིད་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ། དེ་མིན་ཀྲུང་གོ་དང་ཕྱི་རྒྱལ་གྱི་བུད་མེད་ལས་རིགས་ཀྱི་མི་སྣ་བཅས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ལས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཕོ་མོ་འདྲ་མཉམ་དང་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་བརྩོན་ལེན་བྱེད་པ་དང་། ཞི་བདེ་དང་བདེ་འཇགས། དར་རྒྱས། ཡར་ཐོན། མཛེས་སྡུག་གི་འཛམ་གླིང་བཅས་མཉམ་དུ་འཛུགས་སྐྲུན་བྱེད་པའི་ཐུན་མོང་གི་བསམ་འདུན་མཚོན་ཏེ། འཛམ་གླིང་ཡོངས་ཀྱི་བུད་མེད་ལས་དོན་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན།
བུད་མེད་ནི་མིའི་རིགས་ཀྱི་ཤེས་རིག་གསར་སྐྲུན་མཁན་དང་སྐུལ་འདེད་མཁན། རྒྱུན་འཛིན་མཁན་བཅས་ཡིན། བུད་མེད་ཀྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ཤེས་དཔལ་དང་སྤྱི་ཚོགས་ཡར་ཐོན་གྱི་མཐོ་ཚད། མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་བུད་མེད་ཀྱི་ནུས་པ་གལ་ཆེན་རྒྱས་བཤད་གཏིང་ཟབ་བྱས་པ་དང་། པེ་ཅིང་འཛམ་གླིང་བུད་མེད་ཚོགས་ཆེན་གྱི་ཐོག་མའི་དམ་བཅའ་བསྐྱར་དྲན་དང་། བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་འཕེལ་རིམ་གསར་པ་ཇེ་མགྱོགས་སུ་གཏོང་བའི་ཀྲུང་གོའི་འདོད་ཚུལ་དང་དེ་མིན་གྲོས་འགོ4བཏོན། ཕྱི་ཕྱོགས་ཀྱི་ཆ་རྐྱེན་དང་འཕེལ་རྒྱས་ཀྱི་སྒུལ་ནུས། ལམ་ལུགས་འགན་ལེན་བཅས་དང་འཛམ་གླིང་མཐུན་སྦྱོར་གྱི་རིམ་པ་བཞི་ནས། བུད་མེད་ཀྱི་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་པར་སྐུལ་འདེད་གཏོང་བའི་མདུན་སྐྱོད་ཀྱི་ལམ་རིས་བཀོད་དེ། ཕྱོགས་སོ་སོའི་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་མ་འོངས་པ་མཉམ་དུ་འཆར་འགོད་བྱེད་པར་རོགས་རམ་བྱས།
འཁྱགས་གླིང་གི་སྲིད་འཛིན་ཧ་ཏེ་ལ·ཐུའོ་མ་སི་ཏུའོ་ཏིར་གྱིས་བཤད་རྒྱུར། དེང་གི་འཛམ་གླིང་ལ་ངེས་གཏན་མེད་པའི་རང་བཞིན་གྱིས་ཁེངས་ཤིང་། གདོང་ཐུག་ཡང་ཡང་བྱུང་བ་དང་། གནམ་གཤིས་ཉམས་ཉེན་ཇེ་ངན་ཇེ་སྡུག་ཏུ་སོང་བས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནད་འགག་གི་དུས་སྐབས་འདིར་ཐེངས་འདིའི་གྲོས་ཚོགས་འཚོག་རྒྱུའི་གྲོས་འགོ་བཏོན། ཕོ་མོ་འདྲ་མཉམ་ནི་རྒྱས་སྤྲོས་དངོས་རྫས་མིན་པར་ཉེར་མཁོའི་དངོས་རྫས་ཡིན། དེ་ནི་ཞི་བདེའི་རྨང་རྡོ་དང་གསར་གཏོད་ཀྱི་སྒུལ་ཤུགས་ཡིན་ལ། བདེ་སྡོད་འཛམ་གླིང་སྐྲུན་པའི་གནད་འགག་ཀྱང་ཡིན།
ཏོ་སྨི་ནི་ཁེའི་སྲིད་འཛིན་ཞིས་འར་ཝ་ཉི·པོ་ཏུན་གྱིས་བཤད་རྒྱུར། མིག་རྒྱང་རིང་བའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་རེས་ཀྱི་ཚོགས་འདུ་གལ་ཆེན་འཚོགས་ཏེ། འཛམ་གླིང་བུད་མེད་ལ་དབང་ཆ་སྤྲོད་པ་དང་འདྲ་མཉམ་བྱ་གཞག་ལ་འབྱུང་འགྱུར་གྱི་ཁ་ཕྱོགས་འཆར་འགོད་གནང་བར་ཐུགས་རྗེ་ཆེ་ཞུ། ང་ཚོས་སླར་ཡང་ཐུན་མོང་གིས་ཁས་ལེན་བྱས་དོན། ཕོ་མོ་འདྲ་མཉམ་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་སྟེ། བུད་མེད་དང་བུ་མོ་ཚང་མར་སྔར་བས་འདྲ་མཉམ་དང་། སྔར་བས་ལ་རྒྱ་ཡོད་པ། སྔར་བས་འབྱོར་ཕྱུག་གི་གོ་སྐབས་བཅས་ཀྱི་འབྱུང་འགྱུར་བསྐྲུན་དགོས།
ཀག་ནའི་ཕོ་མོ་དང་བྱིས་པའི་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་ཨ་ཀེ་ཉི་སི·ན·མོ་མུའུ·ལ་འར་ཏི་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་བཤད་གནང་བའི་གྲོས་འགོ་ཁག་བཞི་ནི་མཉམ་འབྲེལ་མཉམ་ལས་བྱས་ཏེ། ཕོ་མོ་འདྲ་མཉམ་དེ་འཛམ་གླིང་གི་གྲོས་གཞི་དེའི་གཙོ་གནད་གྲས་ཀྱི་གཅིག་ཏུ་གྱུར་བར་འགན་ལེན་བྱེད་པའི་འབོད་སྐུལ་བཏང་། ང་ཚོར་ལག་ལེན་སྔར་བས་མང་པོ་དགོས་ལ། ཕྱོགས་གང་ནས་བལྟས་ཀྱང་ཐེངས་འདིའི་རྩེ་ཚོགས་ནི་གལ་འགངས་ཤིན་ཏུ་ཆེ་བ་རེད།
འཛམ་གླིང་བུད་མེད་ཀྱི་ལས་དབང་གཅིག་མཐུན་ཡིན་ལ། ཀྲུང་གོས་རང་ངོས་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་གི་བུད་མེད་ལས་དོན་ལ་གོ་སྐབས་དང་འགན་ལེན་ཧུར་ཐག་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཐེངས་ཉི་ཤུ་ལྷག་ལ“འཕེལ་རྒྱས་”ཞེས་པའི་ཚིག་འདི་གླེང་། མ་དངུལ་གྱི་རྒྱབ་སྐྱོར་དང་འཛམ་གླིང་མཉམ་ལས་ལས་གཞི་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་པ་དང་། དངོས་སྒྲུབ་ཀྱི་བྱེད་ཐབས་མང་པོ་ཞིག་གིས་འཛམ་གླིང་བུད་མེད་ལས་དོན་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ཡོད། ཕྱོགས་མང་རིང་ལུགས་ལག་ལེན་དུ་བསྟར་བའི་ལངས་ཕྱོགས་བརྟན་པོ་དང་། བུད་མེད་རྒྱུན་མཐུད་ངང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་ཕན་ནུས་ལྡན་པའི་སྟོབས་ཤུགས་མངོན་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལ་མཐོང་ཆེན་བྱེད་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ནཱ་ལ·ཧའེ་ཏ་ཡིས་བཤད་རྒྱུར། སྐབས་འདིའི་རྩེ་ཚོགས་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་བུད་མེད་འཕེལ་རྒྱས་ལ་བསྟུད་མར་རྒྱབ་སྐྱོར་བྱེད་པའི་དངོས་སྒྲུབ་བྱེད་ཐབས་མང་པོ་བཏོན་ཏེ། ཀྲུང་གོ་ཕྱོགས་ཀྱི་གཏམ་སྤྱོད་གཅིག་མཐུན་མངོན་ཡོད། ཐུན་མོང་གིས་བུད་མེད་ཡོངས་ལ་བདེ་སྐྱིད་སྐྲུན་པ་དང་མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་པའི་འཛམ་གླིང་བསྐྲུན་པར་རེ་བ་དང་དྲང་ནུས་བསྩལ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་བུད་མེད་ཚོགས་ཆེན་ཐེངས་བཞི་པའི་དྲུང་ཡིག་ཆེན་མོ་ཀེ་ཐེ་ལུའུ་ཏེ·མོང་ཀེ་ལ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བུད་མེད་ལ་མཚར་སྡུག་ལྡན་པའི་མི་ཚེ་ལོངས་སུ་སྤྱོད་པར་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་དེ་ནི་སྐད་གྲགས་ཆོད་པའི་ཁས་ལེན་ཡིན། ད་ལྟ། ང་ཚོས་ཀྲུང་གོའི་བུད་མེད་ཀྱིས་ཚན་རིག་དང་གྲངས་འཛིན་ལག་རྩལ་སོགས་ཁྱབ་ཁོངས་མང་པོའི་ཐད“གནམ་གྱི་ཕྱེད་ཀ”འདེགས་ཐུབ་པ་མཐོང་། དེས་འཛམ་གླིང་བུད་མེད་འཕེལ་རྒྱས་ལ་གསོན་ཉམས་ལྡན་པའི་མ་དཔེ་མཁོ་འདོན་བྱས།
ཀྲུང་གོས་བུད་མེད་ཀྱི་ལས་དོན་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་ལག་ལེན་ནང་མཉམ་འདྲེས་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། ལོ་མང་པོའི་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་བུད་མེད་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་ལོ་རྒྱུས་དོན་དངོས་དང་སྦྲེལ་ནས་ཀྲུང་གོའི་བུད་མེད་ཀྱིས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྟོབས་ཤུགས་ཕུལ།
རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་གཅིག་ལྕོགས་སུ་འཁུར་མཁན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཁའ་སྐྱོད་རུ་ཆེན་གྱི་མཁའ་སྐྱོད་པ་ཝང་ཡ་ཕིང་གིས་བཤད་རྒྱུར། ཞིང་བའི་ཁྱིམ་ཚང་གི་བུ་མོ་དཀྱུས་མ་ཞིག་ནས་ཐེངས་གཉིས་ལ་བར་སྣང་དུ་འཕུར་བའི་མཁའ་སྐྱོད་པ་ནས། ངའི་འཚར་ལོངས་ཀྱི་བརྒྱུད་རིམ་ནི་རྒྱལ་ཁབ་ཀྱིས་བུད་མེད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་སྒེར་གྱི་ཕུགས་འདུན་མཉམ་དུ་སྒྲིལ་ན་སྟོབས་ཤུགས་ཧ་ཅང་ཆེན་པོ་འདོན་ཐུབ།
ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། ཀྲུང་གོ་བུད་མེད་ཚན་རྩལ་ལས་དོན་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཆའོ་ཧུང་གིས་བཤད་རྒྱུར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ལམ་གསར་པ་རུ་བུད་མེད་ཚང་མ་ནི་མི་སྣ་གཙོ་བོ་ཡིན། རང་རྒྱལ་གྱི་སྦྲེལ་དྲའི་ཁྱབ་ཁོངས་སུ་ལས་ལམ་གསར་གཏོད་བྱེད་མཁན་ཁྲོད་བུད་མེད་ཕྱེད་ཀ་ལས་བརྒལ་ནས། ང་ཚོའི་བུད་མེད་ཚན་རྩལ་ལས་དོན་པའི་ཟིན་ཚད་བརྒྱ་ཆའི་ཞེ་ལྔ་དང་གྲངས་ཆུང་བརྒྱད་ལ་སླེབས་ཡོད། རིག་ནུས་ཁྱབ་ཁོངས་ཀྱི་ཚན་ཞིབ་མི་སྣ་ཞིག་ཡིན་པའི་ངོས་ནས། རྒྱལ་ཁབ་ཀྱིས་ང་ཚོར་ཧ་ཅང་རྒྱབ་སྐྱོར་བྱེད་པ་ཚོར་ཐུབ། ངས་ཀྱང་སྙིང་རུས་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་དེའི་ཚན་ཞིབ་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་བྱས་རྗེས་འཇོག་ངེས།
ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། རྒྱལ་ཁབ་མོ་ནད་དང་བུ་བཙའི་ནད་ཐོག་སྨན་བཅོས་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན། ཆའོ་ཅེ་ཡིས་བཤད་རྒྱུར།
ང་ཚོའི་མ་བུ་བདེ་ཐང་གི་ལྟེ་བའི་དམིགས་ཚད་དེ་འཛམ་གླིང་ཡོངས་ཀྱི་ཡོང་འབབ་མཐོ་འབྲིང་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་ཡོད་ལ། དེ་ཡང་ང་ཚོར་སྤོབས་པ་བསྐྱེད་པའི་བྱ་བ་ཞིག་ཡིན། ང་ཚོས་ངེས་པར་དུ་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལས་བྱུང་བའི་གོ་སྐབས་ཆེན་པོ་དམ་འཛིན་ཡག་པོ་བྱས་ཏེ། ཚན་རྩལ་ལ་བརྟེན་ནས་བུད་མེད་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་བསྩོལ་དགོས།
ཞིན་ཅང་ཁ་ཧྲི་ས་ཁུལ་པ་ཁྲུའུ་རྫོང་གི་བྱིས་པའི་ཕུགས་འདུན་བུ་བཅོལ་ཁང་གི་ཡོན་ཀྲང་། ཨའེ་སྨི་ལ་ཀུའུ་ལི.ཨ་པུའུ་ཏུའུ་ཡིས་བཤད་རྒྱུར།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་ལེན་བཅའ་ཁྲིམས》དོན་འཁྱོལ་གཏིང་ཟབ་བྱས་པ་དང་བསྟུན་ནས། ཞིན་ཅང་ལྷོ་རྒྱུད་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་གྱིས་སློབ་གསོ་ལ་བརྟེན་ནས་བུད་མེད་ལ་ནུས་པ་བསྩལ་ཞིང་། བྱིས་པའི་སྲུང་སྐྱོང་ལ་འགན་ལེན་བྱེད་པའི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས། ལམ་ལུགས་རང་བཞིན་གྱི་འགན་ལེན་དེ་དག་གིས་ས་ཁོངས་བར་གྱི་སློབ་གསོའི་ཐོན་ཁུངས་ཀྱི་ཧེ་བག་ནུས་ལྡན་སྒོས་ཇེ་ཆུང་དུ་བཏང་བ་མ་ཟད། སློབ་གསོ་འདྲ་མཉམ་ལ་བརྟེན་ནས་མཐའ་མཚམས་བུད་མེད་ཀྱི་འཕེལ་རྒྱས་ཐད་རྒྱབ་སྐྱོར་བྱས།
བོད་རང་སྐྱོང་ལྗོངས་ཀྱི་གསུམ་བརྒྱད་དཔེ་ལེགས། བུད་མེད་ལས་གཏོད་ལས་ཞུགས་ཀྱི་སྒྲོག་བཤད་པ། པད་མ་དབང་མོ་ཡིས་བཤད་རྒྱུར། དུས་རབས་གསར་པར་ངའི་ཕ་ཡུལ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་སྟེ། བུད་མེད་ཚོའི་ལས་ཞུགས་ཀྱི་གོ་སྐབས་སྔར་ལས་མང་ལ། དུས་རབས་གསར་པའི་ཀྲུང་གོའི་བུད་མེད་སྔར་མེད་ཀྱི་གདེང་ཚོད་དང་གསོན་ཤུགས་ཀྱིས་ཁེངས་ནས་རྒྱལ་ཁབ་དང་སྤྱི་ཚོགས་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཞུགས་བཞིན་ཡོད།
རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན། ལི་དབྱིན་གྱིས་བཤད་རྒྱུར། ང་ཚོས་གོ་ལ་ཧྲིལ་པོའི་བུད་མེད་ཀྱི་ནུས་པའི་འཛུགས་སྐྱོང་ལྟེ་གནས་འཛུགས་སྐྲུན་ཡག་པོ་བྱས་ཏེ། སྒོ་འབྱེད་དང་མཉམ་ལས། མཉམ་སྤྱོད་བཅས་ཀྱི་ལས་སྟེགས་བསྐྲུན་ནས། ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་སྔར་ལས་མང་བ་རྒྱལ་ཁབ་སོ་སོའི་བུད་མེད་ཀྱིས་མཉམ་སྤྱོད་བྱེད་པའི་སྤྱི་པའི་ཐོན་རྫས་སུ་བསྒྱུར་དགོས་ལ། བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་འཕེལ་རིམ་གསར་པ་ཇེ་མགྱོགས་སུ་བཏང་སྟེ། གོ་ལ་ཧྲིལ་པོའི་མིའི་རིགས་ཀྱི་ལས་བསྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་བུད་མེད་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱ་དགོས།