
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ་ནན་གྱིས་བསྟན་དོན། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གཅིག་གྱུར་ནུས་ལྡན་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་གྱི་རྣམ་པ་གསར་བ་གསར་བསྐྲུན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལ་ཀུན་གྱིས་དོ་སྣང་ཆེན་པོ་བྱས་ལ། ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་གཟིགས་རྒྱང་རིང་ཞིང་དགོངས་དོན་གཏིང་ཟབ་ལ། ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། མཛུབ་སྟོན་རང་བཞིན་གལ་ཆེན་ལྡན་པས། འཐབ་ལམ་གསར་བ་རུ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ་“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ཁྲོད་འཇོག་པར་སྐུལ་འདེད་ནུས་ལྡན་བཏང་ཞིང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱིའི་གནས་སྟངས་གཞི་རྩའི་ཆ་ནས་གྲུབ་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་རྒྱ་ཇེ་ཆེར་ཕྱིན། ཚང་མས་བསྟན་དོན། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་གང་ལེགས་སྒོས་མངོན་ཡོད།
ཀྲུང་དབྱང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞུང་སྒྲུབ་ཁང་དྲུང་ཡིག་ཅུའུ་ཡི་ཅུའུ་ཀྲང་ཀུའུ་ཐིན་ཧའེ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཁྲིམས་སྐྱོང་ཀྲུང་གོའི་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་རྩ་བ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་ཀྱི་ཁ་ཕྱོགས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་རག་ལས་ཡོད། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྔར་བས་བློ་རྩ་བརྟན་ཞིང་རང་རྟོགས་སྒོས“སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་གྲུབ་འབྲས་གསར་ཤོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ནས། ཁྲིམས་སྐྱོང་འཛུགས་སྐྱོང་གི་འགན་འཁྲི་དོན་འཁྱོལ་དང་ལས་འགན་དོན་འཁྱོལ་དམ་འཛིན་བྱས་ཏེ། ཁྲིམས་སྐྱོང་དེ་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ལས་དོན་ཁག་གི་ཁྲོད་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
ཀྲེ་ཅང་ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་ཏང་ཨུའི་ཧྲུའུ་ཅི། ཐིན་ཀྲང་ཏའེ་ཅི་ཡིས་བཤད་རྒྱུར། ལག་ལེན་ལས“གཏན་ཕབ་གཉིས”ནི་དུས་རབས་གསར་པར་རླབས་ཆེན་འཕོ་འགྱུར་མངོན་འགྱུར་བྱེད་པའི་འགག་རྩ་དང་། འཐབ་ལམ་གསར་པ་རུ་འབྱུང་འགྱུར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་གདམ་ག་ཡིན་པ་ཡང་བསྐྱར་བདེན་དཔང་བྱས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཐེངས་འདིའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལ་གོ་བ་གཏིང་ཟབ་ལེན་པ་དང་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་དང་འགུལ་སྐྱོད་ལག་ཏུ་བསྟར་བའི་མིག་དཔེ་བྱེད་དགོས་ལ། ཆབ་སྲིད་ཀྱི་ཁས་ལེན་དང་བསམ་བློའི་ཁས་ལེན། གཞུང་ལུགས་ཀྱི་ཁས་ལེན། བརྩེ་སེམས་ཀྱི་ཁས་ལེན་བཅས་རང་རྟོགས་སྒོས་ཇེ་དྲག་ཏུ་བཏང་ནས། བློ་བརྟན་འགྱུར་མེད་སྒོས་འགན་འཁྲི་ཕྲག་ཏུ་འཁུར་རྒྱུ་ཡིན།
ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ཅུའུ་དྲུག་པའི་ཅུའུ་ཀྲང་ཀྲོའུ་ཐའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་སྟེ། མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་འགན་གཙོ་བོ་གཏན་འཁེལ་བྱས་ཤིང་། བརྗིད་ཆེའི་འཆར་གཞི་བཀོད་ལ། སྔར་ལས་འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་། ཆུ་ཚད་སྔར་ལས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐུལ་སློང་བཀའ་རྒྱ་བསྒྲགས་ནས། འཐབ་ལམ་གསར་པ་རུ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས།
ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་དགོས་ལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་དམ་པོར་དམིགས་ནས། བདེན་སྲུང་གསར་གཏོད་དང་། བརྟན་ཐོག་ཡར་འཕེལ་སྒོས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཁག་ལེགས་པར་བསྒྲུབ་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱ་དགོས།
པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཞི་ཁྲིན་ཡན་ལག་ཅུའུ་ཡུག་ཅའེ་ཁྲོམ་གཞུང་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ།ལིའུ་ཅན་ཞིན་གྱིས་བཤད་རྒྱུར། ང་ཚོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ“ཏང་ལ་བློ་དཀར་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་བསྟར་དྲང་གཞག སྒྲིག་ཁྲིམས་ནན་སྲུང”བཅས་ཀྱི་སྤྱིའི་བླང་བྱ་ཡིད་ལ་བརྟན་པོར་བཟུང་ནས། ཁྲིམས་བསྟར་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ཟབ་སྤེལ་བྱེད་དགོས་ལ། གཟབ་ནན་དང་ཚད་ལྡན། དྲང་གཞག དཔལ་ཡོན་བཅས་ཀྱི་ཁྲིམས་བསྟར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཆབ་སྲིད་བདེ་འཇགས་སྲུང་སྐྱོབ་དང་། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་། མི་དམངས་ཀྱི་བདེ་འཇགས་འགན་སྲུང་བཅས་བྱེད་པའི་དུས་རབས་གསར་པའི་ལས་འགན་དང་འགན་འཁྲི་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱེད་ངེས།
ཧུའུ་པེ་ཞིང་ཆེན་ཅིང་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་པུའུ་གཉིས་པའི་ཀྲུའུ་རིན། ཝུན་ཞའོ་ཆིན་གྱིས་བཤད་རྒྱུར། ངས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་བླང་བྱ་ཡིད་ལ་བརྟན་པོར་བཅངས་ནས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ལ། ཁྲིམས་བསྟར་ནན་ཏན་དང་ཁྲིམས་འཛིན་དྲང་གཞག་དོན་འཁྱོལ་བྱས་ཤིང་། སྤུས་ཚད་དང་ཕན་འབྲས་མཐོ་བའི་སྒོ་ནས་གྱོད་གཞི་རེ་རེ་ཐག་གཅོད་གང་ལེགས་བྱས་ནས། མི་དམངས་མང་ཚོགས་ལ་གྱོད་གཞི་རེ་རེ་དང་དོན་དག་རེ་རེ་ཐག་གཅོད་པའི་ཁྲོད་འདྲ་མཉམ་དྲང་བདེན་ཚོར་ཐུབ་པར་བྱ་རྒྱུ་ཡིན།
ཞིན་ཅང་དབྱི་ལི་ཧ་སག་རང་སྐྱོང་ཁུལ་ཞིན་ཡོན་རྫོང་མི་དམངས་ཁྲིམས་ཁང་ན་ལ་ཐི་མི་དམངས་ཁྲིམས་རའི་འགོ་གཙོ་ཨ་དབྱི་ཐི་ནུའུ་ཨར·པོ་ལ་ཐི་པེ་ཁི་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ང་ཚོའི་གཞི་རིམ་བཅོས་སྐྱོང་དང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཁ་ཕྱོགས་གསལ་སྟོན་བྱས། ང་ཚོས་བྱ་སྤྱོད་དངོས་ལས་“མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་འདྲ་མཉམ་དྲང་བདེན་ཚོར་དུ་འཇུག་རྒྱུ ”དང་། ཞིན་ཅང་དབྱི་ལི་ཁྲིམས་ཁང་གི“རྟ་གོང་ཁྲིམས་ར”དང་“ཡུལ་སྐོར་ཁྲིམས་ར”ཞེས་པའི་གསེར་ཡིག་གི་སྒོ་བྱང་ཇེ་ལེགས་སུ་བཏང་སྟེ། མཐའ་མཚམས་ཀྱི་འཆམ་མཐུན་བརྟན་བརླིང་ལ་ཁྲིམས་ཁང་གི་སྟོབས་ཤུགས་འབུལ་ངེས།
ཧྲན་ཏུང་ཞིང་ཆེན་མི་དམངས་འདུམ་འགྲིག་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ལི་རུང་ཁའེ་ཡིས་བཤད་རྒྱུར། ངས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གྱི་དགོངས་དོན་དེ་རྗེས་ཕྱོགས་བྱ་བའི་ཡང་དག་པའི་མཛུབ་སྟོན་དུ་བཟུང་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་བཟུང་སྟེ་འདུམ་འགྲིག་བྱ་བ་ཡག་པོ་མཐའ་འཁྱོལ་བར་བསྒྲུབ་པ་དང་། ཁྲིམས་ལུགས་ཁྱབ་གདལ་དང་འདུམ་འགྲིག་བྱེད་སྟངས་རྒྱུན་ཆད་མེད་པར་རིམ་སྤོར་བྱས་པ་བརྒྱུད། འགལ་བ་དང་རྩོད་གཞི་འདུམ་ཐབས་བྱས་ཏེ་གྱོད་གཞི་དངོས་སུ་ཐག་གཅོད་པ་དང་། དོན་དག་སྒྲུབ་པ། སེམས་མཐུན་ཡོང་བ་བཅས་གང་ཐུབ་བྱས་ནས་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བ་དང་། མི་དམངས་ཀྱི་བདེ་སྡོད་ལས་བརྩོན་ལ་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁྲིམས་སྐྱོང་དང་བཅོས་བསྒྱུར་། འཕེལ་རྒྱས། བརྟན་བརླིང་བཅས་དང་མཐུན་སྦྱོར་ཡོང་བར་སྔར་ལས་དོ་སྣང་བྱས་ཏེ། སྤྱི་ཚོགས་འདྲ་མཉམ་དྲང་གཞག་ཡོང་བར་འགན་སྲུང་དང་སྐུལ་འདེད་གཏོང་བར་དོ་སྣང་བྱ་དགོས་ལ། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། ཁྲིམས་བསྟར་ནན་མོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ཕྱོགས་གང་ཅིའི་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱ་དགོས།
ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དམངས་ཚོང་དཔལ་འབྱོར་ཁྲིམས་ལུགས་སློབ་གླིང་གི་རབ་འབྱམས་ཞིབ་འཇུག་སློབ་མ་དབྱང་ཡན་ཧྲུའུ་ཡིས་བཤད་རྒྱུར། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་འཐབ་ལམ་གསར་པའི་སྟེང་། ང་ཚོས་ཉིན་རྒྱུན་གྱི་སློབ་སྦྱོང་ཁྲོད་ཁྲིམས་ལུགས་རིག་པའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ལག་ལེན་གྱི་ནུས་པ་ཆེ་རུ་གཏོང་དགོས་ལ། མ་འོངས་པར་ཁྲིམས་སྐྱོང་ལག་ལེན་ལ་ཞུགས་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས།
ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་གྱི་སློབ་གཙོ་ལིན་ཝེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་གཏིང་ཟབ་ཅིང་གཟིགས་རྒྱང་རིང་ལ། ནང་དོན་ཕུན་སུམ་ཚོགས་པ་ཞིག་རེད། ཁྲིམས་ལུགས་རིག་པའི་སློབ་གསོའི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ང་ཚོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་ཞིབ་འཇུག་དང་འཆད་འགྲེལ་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། སྤུས་ཚད་མཐོ་བའི་ཞིབ་འཇུག་གྲུབ་འབྲས་སྔར་ལས་མང་བ་འདོན་པ་དང་། ཁྲིམས་ལུགས་རིག་པའི་རང་བརྟེན་ཤེས་བྱའི་མ་ལག་འཛུགས་ཆེད་སྟོབས་ཤུགས་སྔར་ལས་མང་བ་ཕུལ་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་བསླབ་གཞི་དང་། སློབ་ཚན། བསམ་བློ་བཅས་ལ་སྔར་ལས་སྐུལ་འདེད་གཏོང་དགོས།