སྤྱི་ཟླ་དགུ་བའི་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར། མེས་པོའི་དབྱངས་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟིས་གཙོ་སྒྲུབ་བྱས་པའི་མེས་པོའི་དབྱངས་ཆེད་མཁས་ཚོགས་པའི་བགྲོ་གླེང་ཚོགས་འདུ་དང་ཕྱག་རྗེས་གཟེངས་བསྟོད་དགོང་ཚོགས་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཞིས་ཁྲན་རྒྱལ་སྤྱིའི་འཁྲབ་སྟོན་ཚོམས་ཆེན་དུ་གཟབ་རྒྱས་ངང་ཚོགས།
རེབ་འདིའི་བགྲོ་གླེང་ཚོགས་འདུའི་སྟེང་བོད་ཀྱི་སྒྱུ་རྩལ་ཆེད་མཁས་པ་དང་རལ་བའི་སྒྱུ་རྩལ་རྒྱུན་འཛིན་མཁན་མགོན་པོ་རྒྱལ་མཚན་དང་། གེ་སར་ཆེད་མཁས་པ་ཐུབ་བསྟན། བོད་ཀྱི་གར་གླུའི་རྒྱུན་འཛིན་པ་བཀྲ་ཤིས་ཚེ་རིང་། རྡུང་ལེན་པ་གྲགས་ཅན་དཔལ་མགོན། རོལ་མོའི་ཆེད་མཁས་པ་ཇོ་དཀར། གླུ་བ་གྲགས་ཅན་ཡ་ཏུང་། བོད་ཀྱི་སྒྱུ་རྩལ་པ་གྲགས་ཅན་སྨན་བླ་སྐྱབས། བོད་ཀྱི་གཞས་གདངས་རྩོམ་པ་པོ་གྲགས་ཅན་སྤེན་ནོར། རང་རྒྱལ་གྱི་ཆེས་ཐོག་མའི་ཀུ་ལེ་མའེ་ཆེས་མཐོའི་གཟེངས་རྟགས་ཐོབ་མཁན་དབྱངས་ཅན་ལྷ་མོ། བོད་ཀྱི་གླུ་བ་གྲགས་ཅན་གུ་རུ། གླུ་གར་རྒྱལ། དངུལ་ཆུ་བློ་བཟང་བཀྲ་ཤིས། རྡོ་རེད། འཇིགས་བྱེད་འཚོ། ཨ་ཅེ་ལྷ་མོའི་ཟློས་གར་རྒྱུན་འཛིན་པ་ཨམ་མདོ་སོགས་ལྗོངས་ཞིང་ལྔའི་བོད་ཁུལ་དང་། དེ་མིན་པེ་ཅིན་དང་ཧྲང་ཧེ་སོགས་ནས་ཕེབས་པའི་ཆེད་མཁས་པ་ཉི་ཤུ་ལྷག་ཞུགས་ཏེ། མེས་པོའི་དབྱངས་ཀྱི་ཆེད་མཁས་པས་བགྲོ་གླེང་འདི་ནི། དམངས་ཁྲོད་ནས་རྩ་འཛུགས་བྱས་ཤིང་བོད་ཡུལ་གྱི་ཆེད་མཁས་སྒྱུ་རྩལ་པ་མང་པོ་གདན་ཐོག་གཅིག་ལ་འཛོམས་པའི་གར་སྟེགས་བླ་ན་མ་མཆིས་པ་ཞིག་ཡིན་པས་གཙོ་སྒྲུབ་ལས་ཁུངས་ལ་བཀའ་དྲིན་ཆེ་ཞུས་པ་དང་ཆབས་ཅིག་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ལ་ཅི་ལྟར་རྒྱུན་འཛིན་དང་དར་སྤེལ་བྱེད་དགོས་ཚུལ་གྱི་སྐོར་དང་། ཅི་ལྟར་ཤུགས་རྒྱག་དགོས་ཚུལ་གྱི་ཐད་དགོངས་འཆར་ལྷུག་སྩོལ་གནང་།
དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀའི་སྟེང་། བོད་ཀྱི་ཟློས་གར་བ་གྲགས་ཅན་ཐུབ་བསྟན་གྱི་འབྲས་དཀར་འཁྲབ་སྟོན་གྱིས་སྣེ་དྲངས་ཏེ་དགོང་ཚོགས་ཀྱི་དབུ་སྒོ་དངོས་སུ་ཕྱེས་པ་མ་ཟད། དེ་དང་ཆབས་ཅིག་སྒྱུ་རྩལ་ཆེད་མཁས་པ་དག་ལ་སོ་སོར་ཚེ་གང་ལེགས་གྲུབ་ཀྱི་གཟེངས་རྟགས་དང་ཕྱག་རྗེས་ལེགས་འབུལ་གྱི་གཟེངས་རྟགས། སྒྱུ་རྩལ་གྱི་མི་ཚེའི་གཟེངས་རྟགས་སོགས་རིམ་བཞིན་གནངས་ཏེ། རིག་རྩལ་འཁྲབ་སྟོན་གང་མང་རྒྱ་ཆེའི་ལྟ་མཁན་རྣམས་ཀྱི་མིག་མདུན་དུ་བཤམས་པ་དང་། གླུ་བ་གླུ་གར་རྒྱལ་དང་སྐྱིད་བྱམས་གཙོས་བདེ་མོ་ངག་གི་འགྱུར་ཁུགས་དང་སྙན་འཇེབས་ཀྱི་གླུ་སྐད་རེ་རེ་ཡུལ་དངོས་མི་ཚོགས་ལ་སྐྱེས་སུ་ཕུལ་བས། དགོང་ཚོགས་ཀྱི་མགོ་མཇུག་ཧྲིལ་བོར་དགའ་འབོད་ཀྱི་ཀི་སྒྲ་དང་ཐལ་མོའི་རྡེབ་སྒྲ་རྒྱུན་མ་ཆད།
དགོང་ཚོགས་ལེའུ་བཞི་རུ་བགོས་ཡོད་དེ། ལེའུ་དང་པོ། ཚད་ལྡན་ལ་གུས་པར་འདུད་པ། ལེའུ་གཉིས་པ། བྱས་རྗེས་ལ་དར་དཀར་འཐེན་པ། ལེའུ་གསུམ་པ། སྒྱུ་རྩལ་གྱི་རྣམ་ཤེས་མཆོད་པ། ལེའུ་བཞི་བ། མེས་པོ་ཡི་ཞབས་རྗེས་འཚོལ་བ་བཅས་ཡིན། དེ་མིན་དགོང་ཚོགས་ཀྱི་གཟེངས་རྟགས་ཐོབ་མཁན་གྱི་ཆེད་མཁས་སྒྱུ་རྩལ་པ་རྣམ་པ་དགུང་ལོ་མཐོན་པོར༼དགུང་ལོ༩༠ནས་དགུང་ལོ་༥༠བར༽ཆགས་ཡོད་ནའང་། དཀའ་ལས་སྐུ་ཚེགས་ལ་མ་འཛེམ་པར་ཕྱག་རྗེས་གཟེངས་རྟགས་དགོང་ཚོགས་སུ་ཞུགས།
ཐེངས་འདིའི་ཆེད་མཁས་པའི་བགྲོ་གླེང་ཕྱག་རྗེས་གཟེངས་བསྟོད་དགོང་ཚོགས་འདི་སྒྲུབ་པའི་ཐོག་མཐའ་བར་གསུམ་དུ་མེས་པོའི་དབྱངས་རྩོམ་སྒྲིག་ཚན་ཆུང་གིས་ལོ་ངོ་བཞི་ཡི་རིང་ལ་འཆར་འགོད་དང་བཅར་འདྲིའི་ལས་རིམ་ཡོངས་སུ་ཚགས་ནས་ཕྱག་རྗེས་གཟེངས་བསྟོད་དགོང་ཚོགས་ཀྱི་བྱ་བ་ལེགས་གྲུབ་བྱུང་སྟེ་བདེ་ལེགས་ངང་མཇུག་སྒྲིལ།
མེས་པོའི་དབྱངས་ཕྱག་རྗེས་གཟེངས་རྟགས་དགོང་ཚོགས་ཀྱི་མདོ་འཛིན་པ།
ཨ་ཅེ་ལྷ་མོའི་རྒྱུན་འཛིན་པ་ཨམ་མདོ།
རྒྱལ་ཁབ་རིམ་པའི་བོད་བྲོ་རལ་བའི་རྒྱུན་འཛིན་པ་མགོན་པོ་རྒྱལ་མཚན།
རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་རྒྱུན་འཛིན་པ་ཐུབ་བསྟན།
རྒྱལ་ཁབ་རིམ་པའི་བོད་ཀྱི་གར་གླུའི་རྒྱུན་འཛིན་པ་བཀྲ་ཤིས་ཚེ་རིང་།
བོད་ལྗོངས་སློབ་ཆེན་རོལ་དབྱངས་སློབ་གླིང་གི་གླིང་གཙོ་བོད་ཀྱི་ཆེས་ཐོག་མའི་རོལ་མོའི་ཆེད་ལས་ཀྱི་ཕྱི་ཚར་འབུམ་རམས་པ་ཇོ་དཀར།
བོད་ཀྱི་མིང་དུ་གྲགས་པའི་གཞས་གདངས་རྩོམ་པ་པོ་སྤེན་ནོར།
རང་རྒྱལ་གྱི་ཆེས་ཐོག་མའི་ཀུ་ལེ་མའེ་རྒྱལ་སྤྱིའི་གཟེངས་རྟགས་ཐོབ་མཁན་དབྱངས་ཅན་ལྷ་མོ།
བོད་ཀྱི་མིང་དུ་གྲགས་པའི་སྒྱུ་རྩལ་པ་སྨན་བླ་སྐྱབས།
བོད་ཀྱི་མིང་དུ་གྲགས་པའི་གླུ་བ་གུ་རུ།
རྡུང་ལེན་མཁན་པོ་དཔལ་མགོན།
རྒྱལ་ཁབ་རིམ་པའི་འབའ་གཞས་རྒྱུན་འཛིན་པ་བཀྲ་ཤིས།
ལྷ་ས་གླུ་གར་ཚོགས་པའི་མགོ་གཙོ་དངུལ་ཆུ་བློ་བཟང་བཀྲ་ཤིས།
བོད་ཀྱི་མིང་དུ་གྲགས་པའི་གླུ་མ་ཀླུ་མོ་རྒྱལ།
བོད་ཀྱི་མིང་དུ་གྲགས་པའི་གླུ་མ་འཇིགས་བྱེད་འཚོ།
བོད་ཀྱི་མིང་དུ་གྲགས་པའི་གླུ་བ་ཡ་ཏུང་།
རྡུང་ལེན་པ་གྲགས་ཅན་རྡོ་རེད།
རྒྱལ་ཁབ་རིམ་པའི་ཨ་ཅེ་ལྷ་མོའི་རྒྱུན་འཛིན་པ་ཨམ་མདོ།
མིང་དུ་གྲགས་པའི་གླུ་བ་གླུ་གར་རྒྱལ།
གླུ་མ་གྲགས་ཅན་བཀྲ་ཤིས་སྒྲོལ་མ།
མེས་པོའི་དབྱངས་ཆེད་མཁས་ཚོགས་པའི་མཉམ་པར།
ཐེངས་འདིའི་མེས་པོའི་དབྱངས་ཆེད་མཁས་ཚོགས་པའི་བགྲོ་གླེང་དང་ཕྱག་རྗེས་གཟེངས་བསྟོད་དགོང་ཚོགས་ཀྱི་སྤྱིའི་ཇུས་འགོད་པ་དང་འཁྲབ་ཁྲིད་པ་གེ་རྒྱལ་པདྨ།