ཨ་མདོ་བརྙན་འཕྲིན་གྱི་ལོ་སར་དགོང་ཚོགས་བརྙན་ཕབ་ལེགས་འགྲུབ་བྱས།
2023.12.16 ཁུངས། ཀློག་གྲངས། 0

ཨ་མདོ་བརྙན་འཕྲིན་གྱི་བོད་རབ་རྒྱན་ཤིང་ཕོ་འབྲུག་ལོའི(༢༠༢༤)ལོ་སར་རིག་རྩལ་དགོང་ཚོགས་ཆེན་མོ༼  གཡུ་འབྲུག་དགྱེས་པའི་མཆོད་སྤྲིན། ༽ཞེས་པ་བརྙན་ཕབ་ལེགས་འགྲུབ་བྱས།


ཨ་མདོ་བརྙན་འཕྲིན་གྱི་བོད་རབ་རྒྱན་ཤིང་ཕོ་འབྲུག་ལོའི(༢༠༢༤)ལོ་སར་རིག་རྩལ་དགོང་ཚོགས་ཆེན་མོ༼  གཡུ་འབྲུག་དགྱེས་པའི་མཆོད་སྤྲིན། ༽ཞེས་པ་དེ་སྤྱི་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔའི་དགོང་མོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་གཏོང་ཚོམས་ཆེན་ནས་གཟབ་རྒྱས་ངང་བརྙན་ཕབ་བྱས་ཤིང་། ཞིང་ཆེན་ཕྱི་ནང་གཉིས་ནས་ཡོང་བའི་ཆེད་ལས་འཁྲབ་སྟོན་པ་དང་དམངས་ཁྲོད་འཁྲབ་སྟོན་པ་བསྡོམས་པས་འཁྲབ་སྟོན་པ་མི་ལྔ་བརྒྱ་ལྷག་ཨ་མདོ་བརྙན་འཕྲིན་གྱི་ལོ་སར་དགོང་ཚོགས་ཆེན་མོའི་གར་སྟེགས་གཅིག་ལ་མཉམ་དུ་འཛོམས་ནས། ཚད་མཐོ་བའི་རིག་གནས་སྒྱུ་རྩལ་གྱི་དགྱེས་སྟོན་ཆེན་པོ་ཞིག་ཡུལ་དངོས་སུ་ཕེབས་ཡོད་པའི་སྐུ་མགྲོན་དང་ལྟད་མོ་བ་ཡོངས་ཀྱི་མིག་ཡིད་རྣ་བའི་བདུད་རྩི་རུ་ཕུལ་ཅིང་། ལོ་སར་གྱི་སྐབས་སུ་བརྙན་འཕྲིན་མདུན་གྱི་རི་ཁ་བའི་ལྗོངས་ཀྱི་རིགས་མཐུན་སྤུན་ཟླ་ཡོངས་གཙོ་བྱས་པའི་རྒྱལ་ཁབ་ཕྱི་ནང་ཀུན་གྱི་རིགས་སོ་སོའི་ལྟ་མཁན་ཡོངས་ལ་གནམ་ལོ་གསར་བའི་སྐྱེས་སུ་དབུལ་རྒྱུ་ཡིན་པ་རེད།

ད་ལོའི་ལོ་སར་དགོང་ཚོགས་ཀྱིས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་རྩེ་གཅིག་གིས་ཀྲུང་གོའི་ཕུགས་འདུན་སྙེག”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ནས། རང་ཞིང་གི་བོད་འབྲེལ་ས་ཁུལ་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་ཆེད་ལས་སྒྱུ་རྩལ་ཚོགས་པ་དང་། ཀན་ལྷོ་ཁུལ་བོད་ཀྱི་གླུ་བྲོ་ཟློས་གར་གླིང་། དེ་མིན་བོད་ལྗོངས་མངའ་རིས་ཀྱི་ཞང་ཞུང་སྒྱུ་རྩལ་ཚོགས་པ་བཅས་ནས་གནམ་ལོ་གསར་ཚེས་ཀྱི་སྐྱེས་སུ་བསྣམས་འོང་བའི་ལོ་སར་གྱི་འཁྲབ་ཚན་ཕུལ་དུ་བྱུང་བ་དག་དང་། ཞིང་ཆེན་ཕྱི་ནང་དང་རྒྱལ་ཡོངས་ལ་མིང་དུ་གྲགས་ཡོད་པའི་གཞས་པ་གཞས་མ་ལྔ་བཅུ་ལྷག་གིས་དམངས་གླུ་དང་རྡུང་ལེན། ཨ་རྩེ། གླུ་གཞས་སོགས་ལས་གྱུར་པའི་རིག་རྩལ་ལྟད་མོ་ཕུན་སུམ་ཚོགས་པས་རྒྱལ་ཡོངས་བོད་འབྲེལ་ས་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་ཡང་དག་པའི་དབུ་ཁྲིད་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་འོག འབད་འབུངས་ཡར་བརྩོན་དང་གསར་གཏོད་མདུན་སྐྱོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་འབྱུང་བར་སྐུལ་འདེད་གཏོང་བ། འཆམ་མཐུན་མཉམ་གནས་དང་མཐུན་སྒྲིལ་འབད་བརྩོན་གྱིས་མཉམ་དུ་ཡར་རྒྱས་གོང་འཕེལ་སྙེག་པའི་དུས་རབས་གསར་བའི་སྣང་ཚུལ་ཉམས་དགའ་བ་དེ་ལ་བསྔགས་བརྗོད་མཛད་ཡོད་པར་མ་ཟད། མཚོ་སྔོན་གྱི་བོད་སྐད་བརྙན་འཕྲིན་བཏང་ནས་ལོ་ངོ་བཞི་བཅུ་འཁོར་བ་ལ་སྔོན་བསུ་བྱེད་པའི་ཉམས་དགའ་བའི་སྣང་ཚུལ་བསྐྲུན་ཡོད་པ་རེད།

ལོ་སར་རིག་རྩལ་དགོང་ཚོགས་ཆེན་མོ་དེ་དུས་ཆེན་གྱི་སྤྲོ་དགའི་རྣམ་པ་རབ་ཏུ་མངའ་བའི་མགོ་རྩོམ་པའི་ཞབས་བྲོ༼ གཡུ་འབྲུག་དགྱེས་པའི་མཆོད་སྤྲིན། ༽ཞེས་པས་དགོང་ཚོགས་མགོ་རྩོམ་པའི་ཡོལ་བ་ངང་གིས་ཕྱེས་པའི་མོད་ལ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་བོད་ལྗོངས་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཟི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱི་མདོ་དབུས་ཁམས་གསུམ་གྱི་མདོ་འཛིན་པ་དྲུག་གིས་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་རི་ཁ་བའི་ལྗོངས་ཀྱི་རིགས་མཐུན་སྤུན་ཟླ་ཡོངས་ལ་གནམ་ལོ་གསར་ཚེས་ཀྱི་འཚམ་འདྲི་དང་བཀྲ་ཤིས་ཁ་གཡང་གི་སྨོན་ཚིག་བརྗོད་ནས་དགོང་ཚོགས་ཀྱི་སྒོ་འཕར་གཞི་ནས་ཕྱེས་ཏེ། རྒྱལ་ཡོངས་ལ་མིང་དུ་གྲགས་པའི་གླུ་མ་འཇམ་དབྱངས་སྒྲོལ་མ་དང་། བཀྲ་ཤིས་ཕུན་ཚོགས། བསྟན་འཛིན་ཉི་མ། གཡང་ཕྱུག་མཚོ། དེ་མིན་བོད་འབྲེལ་ས་ཁུལ་ཡོངས་ནས་ཆེས་དགའ་བསུ་ཐོབ་པའི་གླུ་བ་ཤེར་བསྟན་དང་ཚེ་དབང་ལྷ་མོ། སྒྲོན་པེ། ལྷ་སྐྱིད། བསམ་འགྲུབ་ཚེ་རིང་། སངས་རྒྱས་ཚེ་རིང་། ཚེ་རིང་གཡང་དགའ། སམ་བྷོཊ་ཚན་སྡེབ་དང་སྐབས་སྔ་མ་དག་གི་རྡུང་ལེན་འགྲན་སྡུར་སྟེང་བྱ་དགའ་ཐོབ་མྱོང་བའི་ཕུལ་བྱུང་རྡུང་ལེན་པ་སོགས་མཚོ་སྔོན་དང་། བོད་ལྗོངས། ཟི་ཁྲོན། ཀན་སུའུ། ཡོན་ནན་ཞིང་ཆེན་བཅས་ནས་ཕེབས་པའི་སྒྱུ་རྩལ་པ་དང་གཞས་པ་གཞས་མ་སྔ་ཕྱིར་གར་སྟེགས་ལ་བུད་ནས་སྙན་མོ་གླུ་ཡི་འགྱུར་ཁུགས་དང་མཚར་མོ་གར་གྱི་སྟངས་སྟབས་ཀྱིས་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཀྱི་མཆོད་བསྟོད་ཕུལ་ཏེ་སྨོན་འདུན་གྱི་གདངས་དབྱངས་སྙན་མོ་དང་ལྷན་འཛོམས་ཀྱི་འཛུམ་མདངས་དྲོན་མོའི་ཀློང་ནས་དུས་ཚོད་གཉིས་དང་ཕྱེད་ཀའི་རིང་གི་དགོང་ཚོགས་ཧྲིལ་བོ་ཡོངས་སུ་མཇུག་བསྒྲིལ།

ད་ལོའི་ལོ་སར་དགོང་ཚོགས་ཀྱི་བརྙན་རིས་ཆ་ཚང་གནམ་གང་དགོང་མོའི་ཆུ་ཚོད་བརྒྱད་པའི་སྟེང་། ཨ་མདོ་བརྙན་འཕྲིན་གྱི་འཁོར་སྐར་འཕྲིན་ལམ་དང་། སྨྱན་སྦྱོར་གསར་བའི་འཕྲིན་སྟེགས་སོ་སོ་ནས་གཏང་རྒྱུ་ཡིན་པས་གསན་གཟིགས་གནང་བར་དགའ་བསུ་ཞུ།