ད་ལྟ་འགོག་ཁབ་བརྒྱབ་ན་ཆམ་རིམས་འགོག་པའི་ནུས་པ་སྔར་བཞིན་ཐོན་ཐུབ།
2024.01.29 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཉེ་ལམ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་དགུན་དུས་ཀྱི་དབུགས་ལམ་རིམས་ནད་འགོག་བཅོས་བྱེད་པའི་འབྲེལ་ཡོད་གནས་ཚུལ་ཐད་བསྡུས་པའི་གསར་འགྱུར་ཡོངས་སྒྲོག་ཚོགས་འདུ་ལས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་འབྱུང་བཞིན་པའི་མྱུར་གཤིས་དབུགས་ལམ་གྱི་རིམས་ནད་ནི་ཤེས་ཟིན་པའི་ནད་གདོད་གཟུགས་ལས་བསྐྱེད་པ་ཡིན་ལ། དེར་འོས་མཐུན་གྱི་སྨན་བཅོས་བྱེད་ཐབས་འཐུས་ཚང་ཞིག་ཆགས་ཡོད་ཅིང་། ནད་དུག་གསར་པ་དང་ཕྲ་ཕུང་ལས་གསར་དུ་བྱུང་བའི་འགོས་ནད་ཤེས་རྟོགས་བྱུང་མེད།

ཡོངས་སྒྲོག་ཚོགས་འདུའི་སྟེང་། ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཏ་ཡན་གྱིས་ངོ་སྤྲོད་བྱས་པ་སྟེ། མིག་སྔར་ནི་ཆམ་རིམས་འབྱུང་ཚད་མཐོ་བའི་དུས་ཚིགས་ཡིན་ལ། ཡར་སྔོན་ཆམ་རིམས་ཀྱི་འགོག་ཁབ་མ་བརྒྱབ་པའི་མི་ཚོགས་ཀྱིས་ད་ལྟ་ཆམ་རིམས་འགོག་ཁབ་བརྒྱབ་ན་སྔར་བཞིན་ནུས་པ་ཐོན་ཐུབ། ཝང་ཏ་ཡན་གྱིས་ཆེད་དུ་བསྟན་དོན། ཟླ་དྲུག་གི་ཡན་གྱི་མི་ཚོགས་ཚང་མས་ཆམ་རིམས་འགོག་ཁབ་བརྒྱབ་ཆོག་པ་དང་། ལྷག་པར་བྱིས་པ་དང་རྒན་པ། དལ་གཤིས་ནད་པ་སོགས་ལ་ཆམ་རིམས་འགོས་རྗེས་ནད་རྟགས་ལྕི་མོ་འབྱུང་བའི་ཉེན་ཁ་ཅུང་ཆེ་བ་དང་། ཆམ་རིམས་འགོག་ཁབ་བརྒྱབ་རྗེས་ནད་རྟགས་ལྕི་མོ་དང་འཆི་བའི་ཉེན་ཁ་ནུས་ལྡན་སྒོས་ཇེ་ཆུང་དུ་གཏོང་ཐུབ་པས། མི་ཚོགས་འདིའི་སྐོར་གྱིས་དུས་སྔ་མོ་ནས་ཆམ་རིམས་འགོག་ཁབ་རྒྱག་དགོས་པའི་རེ་བ་བཏོན་ཡོད། །

རྩོམ་སྒྲིག་པ། འབྲུག་མོ།