སློབ་རའི་འགྱུར་ཁུགས་སྐབས༼ ༢༡༡༣༽ བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ཡིག་ཚང་ལས་བྱུང་བའི་ཨི་ལྡན་གྱི་རྣམ་དབྱེ་ལ་དཔྱད་པ།
2017.11.30 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 43

【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ་ཁ་བྱང་ལ༼  བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ཡིག་ཚང་ལས་བྱུང་བའི་ཨི་ལྡན་གྱི་རྣམ་དབྱེ་ལ་དཔྱད་པ༽ ཞེས་པ་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་རྨོག་རུ་གནམ་ལྷ་ཚེ་རིང་ལགས་ཡིན།
【ངག་འཕྲིན་གཞོན་ནུའི་སེམས་སྒྲ།】ཚན་པ་འདིའི་ནང་དུ་༼  གཞི་རིམ་སློབ་གསོའི་འོས་འགན་དང་སློབ་གསོའི་ཐབས་ལམ༽ ཞེས་པའི་ཁག་དྲུག་པ་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མང་རྫོང་བྱ་མདོ་བཅའ་སྡོད་སློབ་ཆུང་གི་དགེ་རྒན་ལྕང་སྐྱེས་རྟ་མགྲིན་ཚེ་བརྟན་ལགས་ཡིན།

QQ图片20171130102002.png

རྨོག་རུ་གནམ་ལྷ་ཚེ་རིང་། མཚོ་སྔོན་པོ་ཉིན་ལུང་ཚོ་བའི་རྨོག་རུ་སྡེ་བ་རུ་སྐྱེས། ད་ལྟ་བོད་ལྫོངས་སློབ་གྲྭ་ཆེན་མོ་རུ་ལས་ཀ་གཉེར་བཞིན་ཡོད། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་སྐད་བརྡ་རིག་པ་དང་བོད་ཀྱི་བརྡ་རྙིང་ཡིག་ཆའི་སྐོར་ཡིན་ལ། སྤྱི་ལོ་2016ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་སྐད་ཡིག་རིག་གནས་སློབ་གླིང་དུ་《ཏུན་ཧོང་གཏེར་ཡིག་དང་འབྲེལ་ནས་གནམ་རི་སྲོང་བཙན་གྱི་མཚན་ལས་བྱུང་བའི་རི་ཡིག་ལ་དཔྱད་པ།》ཞེས་པའི་དཔྱད་རྩོམ་བྲིས་ཏེ་རབ་འབྱམས་པའི་བསླབ་གནས་བླངས། ལོ་དེར་བོད་ལྗོངས་ཀྱི་ཤེས་ལྡན་མི་སྣ་ནང་འདྲེན་ཞེས་པའི་འཆར་གཞི་ལྟར་བོད་ལྗོངས་སློབ་ཆེན་དུ་ལས་ཀ་གཉེར།སྔ་རྗེས་སུ་《བོད་ལྗོངས་ཞིབ་འཇུག་》དང་《ཀྲུང་གོ་བོད་རིག་པ།》《ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ།》《མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ》་སོགས་སུ་བོད་ཡིག་དང་རྒྱ་ཡིག་གཉིས་ཀྱི་ལམ་ནས་《ཏུན་ཧོང་གཏེར་ཡིག་དང་འབྲེལ་ནས་གནམ་རི་སྲོང་བཙན་གྱི་མཚན་ལས་བྱུང་བའི་རི་ཡིག་གི་ཁུངས་ལ་གསར་དུ་དཔྱད་པ་》ཞེས་པ་དང་《ཡིག་ཚང་རིག་པའི་ལམ་ནས་རྣམ་དབྱེ་བརྒྱད་ཀྱི་བསྟན་དོན་ཚིག་ལེའུར་བྱས་པའི་པར་གཞི་ཁག་ལ་དཔྱད་པ་》ཞེས་པ་ལ་སོགས་པའི་དཔྱད་རྩོམ་བཅུ་གྲངས་ཙམ་བཏོན་ཡོད།སྔ་ཕྱིར་སྐབས་དང་པོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ཞིབ་འཇུག་སློབ་མའི་རིག་གཞུང་བགྲོ་གླེང་ཞེས་པ་དང་རྒྱལ་ཡོངས་ཐེངས་གཉིས་པའི་ལྷ་སའི་ཞང་ཞུང་རིག་གནས་བགྲོ་གླེང་།རྒྱལ་ཡོངས་ཀྱི་ཐེངས་དང་པོའི་བོད་ཡིག་གནའ་དཔེ་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་སོགས་སུ་ཞུགས་ནས་དཔྱད་རྩོམ་སྒྲོག་འདོན་བྱས།ད་ལྟ་བོད་ལྗོངས་སློབ་ཆེན་གྱི་མཐོ་རིམ་ཤེས་ལྡན་མི་སྣ་སྐྱེད་སྲིང་ཞེས་པའི་ལས་གཞི་《སྡོམ་རྩིས་རིག་པའི་ལམ་ནས་བོད་ཀྱི་རྡོ་རིང་ལས་བྱུང་བའི་ཚིག་ཕྲད་ཀྱི་ཞིབ་འཇུག་》ཞེས་པ་དང་དང་བོད་ལྗོངས་སློབ་ཆེན་གྱི་ན་གཞོན་ཚན་རིག་ཞིབ་འཇུག་པ་སྐྱེད་སྲིང་ཞེས་པའི་ལས་གཞི་《བོད་ཀྱི་བརྡ་སྤྲོད་རིག་པའི་ཡིག་ཚང་ལས་རྣམ་དབྱེ་བརྒྱད་ཀྱི་བསྟན་དོན་ཚིག་ལེའུར་བྱས་པའི་ཞིབ་འཇུག་》བཅས་ལ་མགོ་འཛིན་བྱེད་བཞིན་ཡོད།

QQ图片20171130101948.png

ལྕང་སྐྱེས་རྟ་མགྲིན་ཚེ་བརྟན་ནམ་ཁ་བ་ལྕང་སྐྱེས་ནི་སྤྱི་ལོ༡༩༧༢ལོའི་ཟླ༡པའི་ཚེས་༦ཉིན་བ་ཡན་ཁོ་ཚེ་སྡེ་བར་སྐྱེས།ཆུང་དུས་ནས་ལྷན་སྐྱེས་ཀྱི་ཡིག་གཟུགས་དགའ་མོས་ཡོད་པའི་སྟེང་ལ་རྒན་མཚོ་སྐྱེས་དོན་གྲུབ་ཚེ་རིང་དང་དགེ་རྒན་ཆེན་མོ་སྐལ་བཟང་བློ་གྲོས་སོགས་བསྟེན་ནས་ཚུགས་ཆེན་དང་འབྲུ་ཚ།འཁྱུག་བྲིས་སོགས་ལ་གསན་སྦྱོང་བྱས་ཏེ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་སྔར་ལས་ལྷག་པར་ངེས་ཤེས་ཟབ་མོ་ཐོབ། སློབ་ཆེན་མཐར་ཕྱིན་རྗེས་མང་རྫོང་བོད་ཡིག་སློབ་འབྲིང་དུ་ལས་བགོས་བྱས་ཤིང་།བོད་ཡིག་སློབ་ཁྲིད་ཀྱི་ཞོར་དུ་གཞུང་སྒེར་དུས་དེབ་དང་ཚགས་པར་སྟེང་ཡིག་གཟུགས་བརྩམས་ཆོས་སྣ་མང་བཀོད་པ་དང་།ཐེངས་དུ་མར་ཞིང་ཆེན་དང་ཁུལ།རྫོང་རིམ་པའི་ཡིག་གཟུགས་འགྲན་སྡུར་ལས་གཟེངས་བསྟོད་དང་བྱ་དགའ་ལྔ་བཅུ་ལྷག་ཐོབ།༢༠༡༥ལོའི་ཟླ༧པར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་༼  ཐོན་མིའི་ཡིག་རྒྱུན༽ ཡིག་གཟུགས་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་གཙང་བྲིས་དང་སྙེ་བྲིས།གཞུང་བྲིས། བཀའ་བརྒྱུད་བྲབ་བྲིས། ནང་བྲིས་ནོར་བུ་མ།སྡེར་ནང་ས་བྲིས་སོགས་ཡིག་རྒྱུན་མི་འདྲ་བ་བརྒྱད་ཀྱི་མན་ངག་ཁུངས་དང་བཅས་པ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་སྦྱངས་ཤིང་སྟེང་སྦྱངས་ནས་མཐར་ཕྱིན་དཔང་ཡིག་ཀྱང་བླངས།ད་སྐབས་མང་རྫོང་གི་《མང་ཆུ》དུས་དེབ་ཀྱི་རྩོམ་སྒྲིག་ཨུ་ཡོན་དང་།བོད་ཀྱི་ཡིག་གཟུགས་དྲ་བའི་ཡིག་མཁན་ཆོ་ལོ་ཐོབ་པའི་མི་སྣ།མཚོ་སྔོན་ཞིང་ཆེན་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི།བོད་ཀྱི་སྐབས་དང་པོའི་ཡིག་གཟུགས་བགྲོ་གླེང་ཆེན་མོའི་གདན་ཞུ་སྐུ་མགྲོན་བཅས་ཡིན།ད་ལྟ་མང་རྫོང་བྱ་མདོ་དཀྱིལ་སྙིང་བཅའ་སྡོད་སློབ་ཆུང་གི་ཡིག་གཟུགས་མཛུབ་སྟོན་དགེ་རྒན་གྱི་འགན་ཁུར་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

སྤྱིའི་ལྟ་སྐུལ་བ། རྣ་བྷ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་གུས་པར་བརྗོད་ཆོག །

ཁ་པར། 09716329322 15202581289

སྐད་འཕྲིན། boyutb

ཡིག་ཟམ། 824136958@qq.com