སློབ་རའི་འགྱུར་ཁུགས་སྐབས《༢༠༩༥》པ། སྐྱ་བོའི་སློབ་གསོ་ལས་དགེ་རྒན་ཚད་ལྡན་ཞིག་ཅི་ལྟར་བྱེད་དགོས་པའི་སྐོར་གླེང་བ།
2018.01.22 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 212

 【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ{སྐྱ་བོའི་སློབ་གསོ་ལས་དགེ་རྒན་ཚད་ལྡན་ཞིག་ཅི་ལྟར་བྱེད་པའི་སྐོར་གླེང་བ}ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་།  གདན་ཞུའི་སྐུ་མགྲོན་རྨ་ལྷོ་ཁུལ་གཅན་ཚ་རྫོང་སློབ་སྡུད་ཁང་གི་ཀྲུའུ་རིན་རྒན་དོ་རྒྱ་བསོད་ནམས་ཚེ་རིང་ལགས་ཡིན།
【ངག་འཕྲིན་གཞོན་ནུའི་སེམས་སྒྲ】ལེ་ཚན་འདིའི་ནང་དུ་སྒྲ་སྡུད་འགྲམ་གྱི་ཉན་མཁན་གང་རུང་ཞུགས་ནས་ལེ་ཚན་འདིའི་བརྗོད་གཞི་དང་མཐུན་པའི་ཁ་བརྡ་གནང་ཆོག

微信图片_20180122114854_副本.jpg

ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་རྨ་ལྷོ་ཁུལ་གཅན་ཚ་རྫོང་སློབ་སྡུད་ཁང་གི་ཀྲུའུ་རིན་དོ་རྒྱ་བསོད་ནམས་ཚེ་རིང་ལགས།

   དོ་རྒྱ་བསོད་ནམས་ཚེ་རིང་།  1965ལོར་མདོ་སྨད་གཅན་ཚའི་ཡུལ་དུ་སྐྱེས།  གཅན་ཚ་རྫོང་དོ་རྒྱ་སློབ་ཆུང་ནས་སློབ་མཐར་ཕྱིན་རྗེས་རིམ་བཞིན་རྫོང་མི་རིགས་སློབ་འབྲིང་དང་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ།  མཚོ་སྔོན་སློབ་གསོ་སློབ་གླིང་།  མཚོ་སྔོན་མི་རིགས་སློབ་ཆེན་སོགས་འགྲིམས་ཏེ་སློབ་མཐར་ཕྱིན།  གཞན་ཡང་མདོ་སྨད་ལྡེའུ་ཚ་དགོན་པའི་དགེ་བའི་བཤེས་གཉེན་ཕུན་ཚོགས་དར་རྒྱས་ཚང་དང་དགེ་འདུན་ཤེས་རབ་ཚང་། བྱ་ཁྱུང་དགོན་པའི་ཨ་ལགས་ཤར་གདོང་རིན་པོ་ཆེ་ཚང་།   ཁམས་རྫོགས་ཆེན་པདྨ་སྐལ་བཟང་རིན་པོ་ཆེ་ཚང་།  ཨ་ལགས་དགུ་རོང་རིན་པོ་ཆེ་ཚང་སོགས་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སློབ་གཉེར་བྱས་དང་བྱེད་མུས་སུ་མཆིས།

  1986 ལོར་སློབ་གསོའི་བྱ་བར་ཞུགས་པ་ནས་བཟུང་། གཅན་ཚ་རྫོང་གི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དང་སློབ་ཁྲིད་ཞིབ་འཇུག་པ།  སློབ་གཙོ།  སློབ་སྡུད་ཀྲུའུ་རིན་བཅས་ཀྱི་འགན་ཁུར་ནས་མི་ལོ་སུམ་ཅུ་ཕྱིན།  བྱ་བའི་སྒང་ལ་སློབ་ཁྲིད་དང་སློབ་གསོ་དོ་དམ་ཁོ་ནས་དུས་མ་འདའ་བར་རང་དོན་གྱི་ཐོས་བསམ་སྒོམ་གསུམ་དང་གཞན་དོན་གྱི་འཆད་རྩོད་རྩོམ་གསུམ་ལ་གཞོལ་ཅི་ཐུབ་བྱས།  བྱ་བའི་ཞོར་དུ་སློབ་གསོའི་སྐོར་གྱི་བརྩམས་ཆོས་མང་པོ་བྲིས་ཏེ་ཞིང་ཆེན་ཕྱི་ནང་གི་གཞུང་སྒེར་གཉིས་ཀྱི་དུས་དེབ་སྟེང་བཀོད་པ་མ་ཟད། 2010 ལོར་ཁོང་གི་སློབ་གསོའི་ཞིབ་འཇུག་མྱོང་དེབ《སྐྱ་བོའི་སློབ་གསོ》དཔེ་སྐྲུན་འགྲེམས་སྤེལ་བྱས་པས་སློབ་གསོའི་སྡེ་ཡིས་གདེང་འཇོག་ཆེན་པོ་ཐོབ་པར་གྱུར་ལ།  2013ལོར་སྲོལ་རྒྱུན་རིག་གནས་ལ་ཐོས་བསམ་མཛད་པའི་སྐྱེས་སུ《ཀུན་བཟང་བླ་མའི་ཞལ་ལུང་གི་ཟིན་བྲིས》དང《ཁྲེགས་ཐོད་ཟིན་བྲིས་པདྨའི་རང་མདངས》(མཉམ་བྲིས)གཉིས་ཟིན་བྲིས་སུ་བཏབ་ཏེ་སྲོལ་རྒྱུན་རིག་གནས་ཐད་དུའང་རང་ནུས་ཅི་ལྕོགས་ཀྱིས་ཕྱག་རྗེས་ཆེན་པོ་བཞག་དང་འཇོག་བཞིན་ཡོད། 

  དེ་མིན་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་གཙོའི་འགན་བཞེས་དུས་ཀྱང་། སྐད་ཡིག་གསུམ་གྱི་ལམ་ནས་བྲིས་ཆོག་པའི་སློབ་རའི་དུས་དེབ《མར་མེ》ཞེས་པ་གཙོ་སྒྲུབ་གནང་སྟེ་སློབ་མའི་ཤེས་རྒྱ་དང་མཐོང་སྣང་ཆེ་རུ་བསྐྱེད་པར་མ་ཟད་། ཁོང་གིས་གཙོ་སྒྲིག་མཛད་པའི《གཅན་ཚའི་གནས་ཡིག》དང《གཅན་ཚའི་མདའ་རྩེད།》《གཅན་ཚའི་བཤད་པ།》《གཅན་ཚའི་གླུ》སོགས་ཀྱང་སྔ་ཕྱིར་པར་སྐྲུན་འགྲེམ་སྤེལ་བྱས་པས། སློབ་མའི་བསླབ་ཕྱིའི་ཀློག་དེབ་སྣ་ཇེ་མང་དང་གྲ་ཇེ་རྒྱས་སུ་བཏང་བ་དང་། ས་གནས་རིག་གནས་ཉམས་པ་མྱུར་སྐྱོབ་ཀྱི་ཐད་ལའང་བྱས་རྗེས་མི་དམན་པ་བཞག

  བོད་ཁམས་ཡོངས་ཀྱི་སློབ་གསོའི་འཕྲིན་ལས་རྣམ་པར་རྒྱས་པའི་ཕྱིར་དུ། མཚོ་སྔོན་རླུང་བརྙན་འཕྲིན་ཁང་གི༣༧༥ཐད་གཏོང་ཁང་དང་སློབ་རའི་འགྱུར་ཁུགས། མཚོ་སྔོན་བརྙན་འཕྲིན་ཁང་གི་གླེང་སྟེགས་ལེ་ཚན་སོགས་ལས་སློབ་གསོ་སྒྲུབ་སྟངས་ཐད་ཀྱི་སྒེར་བའི་ལྟ་ཚུལ་རིན་ཐང་ཅན་མང་པོ་ཐེངས་མང་དུ་བསྒྲགས་པ་དང་། ཁྱད་པར་དུ་གཅན་ཚའི་ཡུལ་གྱི་སློབ་གསོའི་གནས་བབས་ལ་ཡག་ཐོག་ཡག་རྩེག་དང་རྒྱན་ཐོག་རྒྱན་རྩེག་བྱ་ཆེད་རྫོང་གཅིག་ལ་མཐོ་འབྲིང་གཉིས་བཙུགས་པའི་གསར་བཏོད་སྙིང་སྟོབས་ཀྱིས་མཚོན་པའི་ལག་ལེན་མཛད་རྗེས་བཅོ་བརྒྱད་པོ་ཕངས་པ་མེད་པར་གངས་ཅན་ཁ་བའི་ཡུལ་ལ་མཆོད་པར་ཕུལ་བས་སྙན་པའི་གྲགས་པ་ཡོངས་སུ་འབར། ད་ལྟའི་བར་དུ་སི་ཁྲོན་གྱི་རྔ་བ་རྫོང་དང་། མཚོ་སྔོན་གྱི་མགོ་ལོག་དང་ཁྲི་ཀ འབའ་རྫོང་། མང་རྫོང་། སོག་རྫོང་སོགས་ཀྱི་སློབ་གྲྭ་ཆུང་འབྲིང་མང་པོས་སྔ་ཕྱིར་གདན་ཞུ་ཞུས་པ་ལྟར། དེ་དག་ཏུ་དངོས་སུ་ཕེབས་ནས་སློབ་གསོ་སྒྲུབ་སྟངས་ཐད་ཀྱི་གཏམ་བཤད་ཐེངས་མང་དུ་གནང་ཞིང་ཁོའི་གནད་ལ་འཁེལ་ཞིང་རྩེད་མཚར་གྱིས་ཀུན་ནས་ཕྱུག་པའི་གཏམ་བཤད་སྒྱུ་རྩལ་གྱིས་དགེ་སློབ་ཀུན་གྱི་སེམས་པ་ཡོངས་སུ་དྲངས་ཤིང་བློ་སྒོ་ཆེ་རུ་ཕྱེས་པས། ག་རུ་ཕྱིན་ན་དེ་རུ་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།

  དེ་སྔོན༢༠༠༣ལོར། ཁོང་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི༼ཐོག་མའི་སློབ་གཙོ་ལེགས་ཤོས་བཅུ༽ཡི་ཁྲོད་དུ་བདམས་པ་དང་། ༢༠༠༤ལོར་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་ལ་བདམས་ནས་ཁོང་གི་སློབ་གསོ་བྱ་བར་གདེང་འཇོག་མཐོན་པོ་མཛད།ད་ལྟའང་བྱ་བའི་ཞོར་དུ་སྲོལ་རྒྱུན་རིག་གནས་ཕྱོགས་ལ་ཐོས་བསམ་རྒྱ་ཆེར་བྱེད་པ་དང་བོད་ཁམས་ཀྱི་སློབ་གསོའི་གནད་དོན་ལ་ཉམས་ཞིབ་བྱེད་པ་སོགས་ཀྱི་བགྱི་བ་ལྷུར་བླངས་ཏེ། དེའི་སྐོར་གྱི་བརྩམས་ཆོས་མུ་ནས་མུར་འབྲི་བཞིན་མཆིས་སོ།།

མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།

ཁ་པར། 09716329322 13209737776

སྐད་འཕྲིན། njj169682

ཡིག་ཟམ། niansai@126.com