སློབ་རའི་འགྱུར་ཁུགས་སྐབས༢༢༧༧་པ༼དགེ་རྒན་ཞིག་གིས་ཁྱིམ་བདག་རྣམ་པར་བཟུང་བའི་རེ་བ་ཕྲན་བུ༽
2020.01.20 ཁུངས། ཀློག་གྲངས། 756

སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ནང་དུ༼་དགེ་རྒན་ཞིག་གིས་ཁྱིམ་བདག་རྣམ་པར་བཟུང་བའི་རེ་བ་ཕྲན་བུ༽་ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཏེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་མི་རིགས་སློབ་འབྲིང་དང་པོའི་དགེ་རྒན་དབང་རྒྱལ་ཚེ་རིང་གདན་ཞུ་བྱས་ཡོད།

སྐུ་མགྲོན་དགེ་རྒན་དབང་རྒྱལ་ཚེ་རིང་།

ཐེངས་འདིའི་ལེ་ཚན་གྱི་ནང་དོན་གནད་བསྡུས།

དང་པོ། ཁྱིམ་བདག་གི་རིམ་པ།

གཅིག  བྱིས་པར་སྒོར་མོ་འཕངས་མེད་དུ་སྟེར་བ།

གཉིས།  བྱིས་པའི་ཆེད་དུ་དུས་ཚོད་མང་པོ་བཀོལ་བ།

གསུམ།  བྱིས་པའི་སློབ་གསོ་མྱོང་བའི་དམུགས་ཡུལ་ལ་བསམ་བློ་གཏོང་བ།

བཞི།     བྱིས་པར་མིག་དཔེ་བཟང་པོ་སྐྲུན་ཆེད་རང་ཉིད་ཡར་རྒྱས་སུ་གཏོང་བ།

ལྔ།   བྱིས་པའི་རང་གཤིས་ལ་བརྩི་འཇོག་དང་རང་ངོས་ནས་འཕེལ་རྒྱས་འབྱུང་བར་དཔེ་སྟོན་བྱེད་པ།

གཉིས་པ། ཁྱིམ་ཚང་སློབ་གསོར་གོ་འཛོལ་བྱུང་བའི་མངོན་རྟགས་བཅུ།

གཅིག     བྱིས་པ་ལང་ཤོར་དུ་བཏང་པས་ཇི་བྱེད་འདི་བྱེད་མེད་པ།

གཉིས།     བྱིས་པར་སྡིག་དམོད་བྱས་པ་མང་དྲག་པས་ཕྱིར་ཡ་ལན་སྤྲོད་པ།

གསུམ།     བྱིས་པའི་དོན་དག་ཁུར་དུ་བླངས་དྲག་པས་རང་ཚུགས་མི་འཁྱོངས་པ།

བཞི།       བྱིས་པར་ལེ་བདའ་བྱས་དྲག་པས་སྒུལ་ཤུགས་ཉམས་པ།

ལྔ།          བྱིས་པ་རྒྱ་ཡན་དུ་བཏང་དྲག་པས་གང་འདོད་ལྟར་སྒྲུབ་པ།

དྲུག།        བྱིས་པར་ཤ་ཞེན་ཆེ་དྲག་པས་ཕ་མའི་སྟེང་དུ་བཙན་ཤུགས་བཀོལ་བ།

བདུན།      བྱིས་པར་བཅངས་པའི་རེ་བ་མཐོ་དྲག་པས་བྱིས་པས་ཐེག་དཀའ་བ།

བརྒྱད།  བྱིས་པ་བག་མེད་ལོང་སྤྱོད་ལ་གོམས་དྲག་པས་གྲོན་ཆུང་བྱེད་པའི་འདུ་ཤེས་མེད་པ།

དགུ།        བྱིས་པའི་དགོས་མཁོ་བསྐང་དྲག་པས་བྱ་དངོས་གང་ལ་ཡང་མཚར་སྣང་མེད་པ།

བཅུ།      བྱིས་པ་གཅེས་ལང་དུ་བཏང་དྲག་པས་ནར་སོན་ཡང་བསམ་ཤེས་རྒྱུ་མེད་པ།

གསུམ་པ། སྤྱི་ཚོགས་འཕེལ་འགྲོས་དང་བསྟུན་ནས་ཁྱིམ་ཚང་སློབ་གསོ་དང་ཁྱིམ་བདག་གི་རེ་བའི་ཚད་ཇེ་མཐོར་འགྲོ་བཞིན་པ།

གཅིག  བྱིས་པ་ནར་སོན་པའི་གོ་རིམ་ཁྲོད་ལུས་སེམས་རིམ་གྱི་འཚར་ལོངས་བྱུང་བ་དང་བསྟུན་ཏེ། ཁྱིམ་བདག་གི་གོ་རྟོགས་དང་ཁྱིམ་ཚང་སློབ་གསོའི་སྤུས་ཚད་ཐད་ཀྱི་རེ་བ་ཇེ་མཐོར་འགྲོ་བཞིན་པ།

གཉིས། ལོ་རིམ་འཕར་བ་དང་བསྟུན་ནས་སློབ་མའི་ཤེས་རྟོགས་ཀྱི་ཚད་ཇེ་མཐོར་སོང་བ། ཁྱིམ་བདག་གིས་སློབ་གསོ་གཏོང་མི་ཤེས་པ་དང་དབང་ཤུགས་ཀྱང་རིམ་གྱིས་མར་འགྲིབ་པ།

གསུམ།  ཕ་མ་བུ་ཕྲུག་མཉམ་གནས་དང་བསམ་བློ་བརྗེ་རེས་བྱེད་པའི་གོ་སྐབས་ཉུང་བས་བུ་ཕྲུག་གི་སྤྱོད་ལམ་དང་སེམས་ཁམས་ལ་དུས་ལྟར་རྒྱུས་ལོན་དཀའ་བ།

གཞི།   དུས་རབས་གསར་བའི་ན་གཞོན་རྣམས་ལ་རང་རློམ་གྱི་འདུ་ཤེས་ཆེ་དྲག་པ།

བཞི་པ། ཁྱིམ་བདག་རྣམ་གྱིས་ཁྱིམ་བདག་ཚོགས་འདུའི་སྔོན་གྱི་སྟ་གོན།

གཅིག  རང་འཁྲིས་ཀྱི་ལས་ཀ་ཞར་ལ་བཀོད་སྒྲིག་བྱས་ཏེ་དུས་ལྟར་ཚོགས་འདུར་ཞུགས་པ།

གཉིས། ཚོགས་འདུའི་སྔོན་དུ་བྱིས་པར་སེམས་ཞིབ་མོའི་ཁ་བརྡ་ཐེངས་ཤིག་བྱས་ཏེ་གནས་ཚུལ་ལ་རྒྱུས་ལོན་བྱེད་པ།

གསུམ། སློབ་གྲྭའི་མགོ་ཁྲིད་དང་དགེ་རྒན་གྱིས་སློབ་གྲྭ་སྤྱིའི་གནས་ཚུལ་ངོ་སྤྲོད་བྱེད་པར་གཟབ་ནན་གྱིས་ཉན་པ།

བཞི།  ཚོགས་འདུའི་རྗེས་སུ་བུ་ཕྲུག་ལ་ཁ་བརྡ་དང་བསམ་བློ་བརྗེ་རེས་བྱས་ཏེ་ཞན་ཆ་ལེགས་བཅོས་བྱེད་ཐབས་དང་རྗེས་སོར་བརྩོན་ལེན་བྱེད་སའི་དམིགས་འབེན་སོགས་གསལ་བོར་གཏན་འཁེལ་བྱེད་པ།

ལྔ་པ།  ཁྱིམ་བདག་ལ་བཏོན་པའི་རེ་བ་བཞི།

གཅིག སློབ་གྲྭའི་དགེ་རྒན་ལ་ཡིད་ཆེས་དང་གཞོགས་འདེགས་བྱེད་པ།

གཉིས། ཐབས་མཁས་ཀྱིས་བྱིས་པར་སློབ་གསོ་གཏོང་བ།

གསུམ།  ཁྱིམ་ཚང་སློབ་གསོའི་རྩ་དོན་གསུམ་རྒྱུན་འཁྱོངས་བྱེད་པ།

༼༡༽གཞན་གྱི་བྱིས་པ་དང་བརྡུར་གཤིབ་མང་པོ་མི་བྱེད་པ།

༼༢༽བྱིས་པར་གནོན་ཤུགས་ཆེར་མི་སྤྲོད་པ།

༼༣༽ བྱིས་པའི་འཕེལ་རྒྱས་ཀྱི་ཚད་དེ་ཁྱིམ་ཚང་དང་འབྲེལ་བ་ཆེན་པོ་ཡོད་པ་ཤེས་དགོས་པ།

དྲུག་པ།  བྱིས་པ་བདེ་ཐང་ངང་འཚར་ལོང་འབྱུང་བར་དགོས་ངེས་ཀྱི་ཁྱིམ་སྲོལ་ཡོད་དགོས།

གཅིག   བྱིས་པར་ཡིད་ཆེས་བྱས་ཏེ་རང་ཉིད་ཀྱིས་བསྒྲུབ་ནུས་པའི་འགན་འཁྲི་སྒྲུབ་པར་སྐུལ་མ་བྱེད་པ།

གཉིས།  བཟའ་དགའ་མགྲོན་སྐྱིད་ཡིན་ཞིང་ཁྱིམ་དུ་ནམ་རྒྱུན་ཀུ་རེ་དགོད་སྒྲས་ཁེངས་པར་བྱེད་པ།

གསུམ།  རྨོངས་པའི་བྲན་དུ་གྱུར་ཏེ་བཟའ་མི་ཕན་ཚུན་བར་སྡང་སྡུག་སྟོན་པ་སོགས་མི་བྱེད་པ།

བཞི།    བྱིས་པར་སློབ་གསོ་གཏོང་མཁས་པ་སྟེ་གནས་བབ་དང་དོན་དངོས་ལ་གཞིགས་ནས་སྐབས་བསྟུན་གྱིས་སློབ་གསོ་གཏོང་བ།

ལྔ།      དཔེ་དེབ་དང་ཤེས་བྱར་བརྩི་མཐོང་བྱེད་པའི་གོམས་སྲོལ་ཆགས་པར་བརྩོན་པ།

ལར་མི་ཞིག་འཚར་ལོངས་བྱུང་བའི་བརྒྱུད་རིམ་ཁྲོད། ཁྱིམ་ཚང་སློབ་གསོ་ནི་རྨང་གཞི་ཡིན་ལ། དེའི་བྱིས་པའི་མི་གཞི་དང་རང་གཤིས་བསྐྲུན་གྱིན་ཡོད་ལ། དེ་སློབ་གྲྭའི་སློབ་གསོའི་མེད་དུ་མི་རུང་བའི་མཐུན་རྐྱེན་ཞིག་ཀྱང་ཡིན། དེའི་བྱིས་པའི་རིག་ནུས་བསྐྱེད་བསྲིང་བྱེད་བཞིན་ཡོད། རིག་པ་སྦྱངས་བ་འཕྱིས་ཀྱང་ཆོག་མོད་གོམས་ལོབས་སུ་སོང་བའི་གཤིས་ཀ་གྲུབ་ཚར་དུས་བསྒྱུར་དཀའ་བར་བཞེད་པས་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་ལྟར་དུས་སུ་བབ་པའི་རང་བཞིན་ལྟར་བསྒྲུབ་པ།

བྱིས་པ་ནི་ཁྱིམ་བདག་གི་སྤྱོད་ལམ་ལ་བལྟས་ཏེ་ནར་སོན་པ་ཡིན་པས་རང་ཉིད་ལེགས་བཅོས་དང་ཁྱིམ་མི་འགྲིག་མཐུན་བྱེད་རྒྱུ་ནི་ཁྱིམ་བདག་གི་ལས་དོན་ཀུན་ལས་གལ་འགངས་ཆེ་བ་ཡིན།

བྱིས་པ་སྐྱེད་བསྲིང་ལེགས་པོ་བྱེད་པ་ནི་རང་གི་ཚེ་སྨད་ལ་བདེ་སྐྱིད་སྐྲུན་པར་མ་རྩ་གཏོང་བ་དང་བུ་ཕྲུག་གི་མདུན་ལྗོངས་ཁུར་དུ་འཁྱེར་བའི་འགན་འཁྲིའི་ལྷག་བསམ་ཡང་ཅི་ལ་མིན།

བྱིས་པར་སློབ་གསོ་གཏོང་བ་ནི་ཇ་ཡུན་ཙམ་མིན་པར་མི་ལ་བཤད་ནི་དང་ཤིང་ལ་བཞོག་ནི་དགོས་ཟེར་བ་ནང་བཞིན་དུས་ཡིན་རིང་བོར་རྒྱུན་འཁྱོངས་བྱེད་པ་གནད་ཀྱི་དོན་པོ་ཡིན།


ལེ་ཚན་འདིའི་མདོ་འཛིན་པ་དང་རྩོམ་སྒྲིག་པ། འཆི་མེད་སྒྲོལ་མ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།