ད་ལྟ་དགུང་ལོ་བརྒྱད་བཅུར་སོན་པའི་རྒན་པོ་ཐུབ་བསྟན་ནི་ལྷ་ས་གྲོང་ཁྱེར་ལོ་ལོན་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་དང་། ཀྲུང་གོའི་གཞས་མ་གཏམ་ཆེད་མཁས་མཐུན་ཚོགས་ཀྱི་བློ་འདོན་པ། བོད་ལྗོངས་གཞས་མ་གཏམ་ཆེད་མཁས་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་བཅས་ཡིན། ལོ་ངོ་བརྒྱད་ཅུ་ཡི་ལོ་ཟླ་དང་། ལོ་ངོ་བདུན་ཅུ་ཙམ་གྱི་སྒྱུ་རྩལ་བཞུད་ལམ་རིང་མོའི་འཚོ་བའི་ཁྲོད། ནམ་ཡང་འཛུམ་མདངས་འཁྱིལ་བའི་ངོ་གདོང་དང་རྩེད་མཚར་ལ་དགའ་བའི་བློ་མཐུན་ཐུབ་བསྟན་གྱི་རང་གཤིས་དེས་མི་རྣམས་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད།
བློ་མཐུན་ཐུབ་བསྟན་ནི་ཆིག་སྟོང་དགུ་བརྒྱ་སོ་བཞི་ལོར་ལྷ་ས་གྲོང་ཁྱེར་དུ་སྐྱེས་པ་དང་། ཆིག་སྟོང་དགུ་བརྒྱ་ཞེ་གཅིག་ལོར་ལྷ་སའི་ཀུན་བདེ་གླིང་དགོན་པར་སོང་ནས་ཆོས་དཔེ་སློབ་གཉེར་བྱས། ཆུང་དུས་ནས་དམངས་ཁྲོད་ཀྱི་སྒྱུ་རྩལ་ལ་དགའ་ཞིང་། དཀའ་སྤྱད་སྡུག་རུས་ཀྱིས་དེ་ལ་སློབ་སྦྱོང་ཡང་བྱས་མྱོང་། ཧུར་བརྩོན་གྱིས་ནང་མའི་སྒྱུ་རྩལ་དང་འཛམ་གླིང་གི་ལོ་རྒྱུས་སྙན་རྩོམ་རིང་མོ་གེ་སར་སྒྲུང་ལ་སོགས་པ་བསླབ་ནས་སྒྱུ་རྩལ་གྱི་ཞིང་ཁམས་རིམ་བཞིན་སྙེགས། ཆིག་སྟོང་དགུ་བརྒྱ་གྱ་བཞི་ལོར་ཀུན་བདེ་གླིང་གི་བོད་ཀྱི་ཟློས་གར་འཁྲབ་སྟོན་བྱས་པ་དང་། བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱས་རྗེས་ཐུབ་བསྟན་ལགས་ལ་གོ་སྐབ