འབྲོག་པའི་སེམས་ཀྱི་སྨན་པ་བཟང་པོ་སྟོབས་ལྡན།
2014.10.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 50

སློབ་གྲྭའི་སྒོ་ཆེན་དུའང་འཛུལ་མ་མྱོང་བའི་མི་ཞིག་གིས་ལོ་བཅུ་བཞི་ནས་བཟུང་བོད་ཀྱི་གསོ་རིག་ལ་སློབ་སྦྱོང་བྱས་ཏེ། ལོ་ངོ་ཞེ་དྲུག་རིང་ལྷག་བསམ་ཟོལ་མེད་ཀྱིས་ཡུལ་མི་རྣམས་ལ་སྨན་བཅོས་བྱས་པས། ཐག་ཉེ་རིང་ཀུན་ལ་མིང་དུ་གྲགས་པའི་སྨན་པ་བཟང་པོ་ཞིག་ཏུ་གྱུར་ཡོད། ཁོ་ནི་ད་ལོ་དགུང་ལོ་དྲུག་ཅུར་སོན་པའི་གཅིག་སྒྲིལ་རྫོང་སོག་རུ་མ་ཞང་ལྟེ་གནས་འཕྲོད་བསྟེན་ཁང་གི་ཡོན་ཀྲང་སྟོབས་ལྡན་རེད།

སྟོབས་ལྡན་ཆུང་དུས་ནས་ཨ་མེས་དང་ཨ་ཕྱིའི་གམ་དུ་ནར་སོན་པ་རེད། ལོ་དྲུག་གི་སྐབས་ཁོར་འཁྲུ་ནད་ཅིག་བྱུང་བས། ཨ་མྱེས་ཀྱིས་ཁོ་རང་གཡག་རྒྱབ་ཏུ་བཞག་ནས་རྩྭ་ཐང་སྟེང་ཉིན་འགར་སྨན་པ་བཙལ་མཐར། བོད་རིགས་སྨན་པ་ཞིག་རྙེད་པས་ད་གཟོད་ལུས་ཆུ་ཟད་ནས་དབུགས་ཆད་ལ་ཡོད་པའི་ཁོ་རང་འཆི་བདག་གི་ཁ་ནས་བསྐྱབས་པ་རེད། ཁོའི་སྣང་ངོར། ད་ལྟ་བལྟས་ན་འཁྲུ་ནད་དེ་ནི་འཁྲུ་ནད་ཡང་མོ་ཞིག་ཡིན་མོད། དེ་དུས་ཀྱི་སྨན་བཅོས་ཆ་རྐྱེན་འོག་དེ་ཙམ་གྱིས་ཀྱང་མིའི་ཚེ་སྲོག་ལ་གནོད་པ་རེད། ན་ཚ་དེས་སྟོབས་ལྡན་གྱིས་རྗེས་ཕྱོགས་གསོ་བ་རིག་པ་སློབ་པའི་འདུན་པ་ཇེ་བརྟན་དུ་བཏང་།

རང་ཁྱིམ་དུ་ངལ་རྩོལ་པ་མེད་པས། སྟོབས་ལྡན་སློབ་གྲྭར་འགྲོ་བའི་རེ་བ་མངོན་འགྱུར་བྱེད་མ་ཐུབ་པར། ཉིན་རེར་ནོར་ལུག་འཚོ་བ་ལས་གཞན་ད་དུང་ཨ་མེས་དང་ཨ་ཕ