སྨིན་འབྲུག་དཀར་མཚོས་བསྐྲུན་པའི་དྲོད་སྐྱིད་ཀྱི་ཁྱིམ་གཞི།
2014.12.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 31

ཁྱིམ་གཞི་ཞེས་པའི་མིང་ཚིག་འདི་ནི་སྙན་ཞིང་འཇེབས་ལ་དྲོད་ཁོལ་འཛོམས་པ་ཞིག་རེད། ཁྱིམ་གཞི་ནི་བྱ་བར་བརྩོན་སེམས་ལྡན་པའི་མི་ཞིག་ལ་མཚོན་ན། བརྩེ་དུངས་ཀྱི་བསྟི་གནས་དང་། སེམས་གཏིང་གི་གཟིམ་ཐབས་མེད་པའི་སྒྲོན་མེ་ཞིག་རེད།

ཁོ་མོའི་མིང་ལ་སྨིན་འབྲུག་དཀར་མཚོ་ཟེར་ཞིང་། ཁོ་མོའི་ཁྱིམ་ཚང་ནི་ཆི་ལེན་རྫོང་ཐོག་ཏུ་ཡོད་ལ། སྐྱེས་པ་སོག་རིགས་ཡིན་ཞིང་། ཁོ་མོ་ནི་བོད་རིགས་ཤིག་རེད། ཁོ་མོའི་ཡིད་དུ་འོང་བའི་བུ་ཕྲུག་ལས་གཞན་རྒྱུག་པོ་དང་། ཚ་བོ་བཅས་མི་ལྔས་ཆེ་རྒྱུ་མེད་པའི་ཁང་བ་དེའི་ནང་མཉམ་གཅིག་ཏུ་འཚོ་བ་རོལ་བཞིན་ཡོདཀྱང་། ང་ཚོ་ཁྱིམ་ཚང་དེའི་ནང་ཐོན་པ་ན། དྲོད་ཁོལ་ཞིག་ངང་གིས་ཚོར་ཡོང་།

སྨིན་འབྲུག་དཀར་མཚོ་ཁྱིམ་ཚང་འདིར་མནའ་མར་ཡོང་དུས། བཟའ་ཟླའི་ཨ་མ་ཚེ་ལས་འདས་པ་དང་། ཚ་བོ་ཡན་ཞུའུ་ཞིན་ནི་ཏག་ཏག་ལོ་བཅུ་གཉིས་རེད། ཚ་བོ་ད་དུང་མངལ་ན་ཡོད་དུས་ཁོའི་ཨ་ཕར་རླངས་འཁོར་གྱི་ཆག་སྒོ་བྱུང་ནས་ཚེ་ལས་འདས་པ་དང་། རྗེས་ནས་ཨ་མ་གནས་ལ་འགྲིམས་པས། ཁོས་ཨ་མྱེས་དང་མཉམ་གཅིག་ཏུ་འཚོ་བ་རོལ། སྨིན་འབྲུག་དཀར་མཚོ་ཡིས་ཚ་བོའི་གནས་ཚུལ་ཤེས་ལ། ཚ་བོའི་མྱོང་ཚོར་དེ་སྔར་ལས་སེམས་ཀྱིས་མྱོང་བཞིན་ཡོད་ཅིང་། ཕ་མའི་བྱམས་བརྩེ་དང་བྲལ་བའི་ཚ་བོ་ལ་སྔར་ལས་ལྷག་པའི་སེམས་ཁུར་བྱེད་བཞིན་ཡོད།