སེམས་ཅན་ནད་ཀྱི་སྡུག་བསྔལ་ལས་སྐྱོབ་མཁན་སྨན་པ་སྟོབས་ལྡན་གྱི་མི་ཚེ།
2015.04.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 46

སློབ་གྲྭ་ཆེན་མོའི་སྒོ་ཐེམ་རྡོག་པས་མནན་མ་མྱོང་ལ། ལོ་བཅུ་བཞིའི་སྟེང་ནས་བོད་སྨན་ལ་སྦྱངས་བ་མཛད་དེ། ལོ་ངོ་ཞེ་དྲུག་ཉིན་གཅིག་ལྟར་ཕ་ཡུལ་མང་ཚོགས་ཀྱི་ནད་ལ་བརྟག་བཅོས་བྱས་པས། ས་དེ་རུ་མིང་གྲགས་ལྡན་པའི་སྨན་པ་བཟང་བོ་ཞིག་ཏུ་གྱུར་བ་དང་། ཁོ་ནི་ད་ལོ་ལོ་དྲུག་ཅུ་ལ་སླེབས་པའི་གཅིག་སྒྲིལ་རྫོང་སོག་རུ་མ་ཞང་ལྟེ་གནས་འཕྲོད་བསྟེན་ཁང་གི་ཡོན་ཀྲང་སྟོབས་ལྡན་རེད།

སྟོབས་ལྡན་ནི་ཆུང་དུས་ནས་ཨ་ཡེ་དང་ཨ་མྱེས་གཉིས་ཀྱིས་བསྐྱངས་པ་དང་། ལོ་དྲུག་ལ་སོན་པའི་ལོ་དེར་ཁོ་ལ་རྒྱུ་གཟེར་བྱུང་ནས་ཨ་མྱེས་ཀྱིས་ཁོ་རང་གཡག་གི་རྒྱབ་ལ་ཞོན་དུ་བཅུག་ནས་རྩྭ་ཐང་དུ་ཉིན་འགའ་ལ་སོང་མཐར་ད་གཟོད་བོད་ཀྱི་སྨན་པ་ཞིག་ལ་འཕྲད་པ་དང་། ད་གཟོད་ལུས་ཟུངས་ཀྱི་ཆུ་ཟད་ནས་དབུགས་ཆད་ལ་ཁད་བྱེད་པའི་སྟོབས་ལྡན་འཆི་བདག་གི་ཁ་ནས་བསྐྱབས། ཁོའི་དྲན་ཚོད་ཞིག་ལ་ད་ལྟ་ལྟོས་ན་ནད་དེ་འདྲ་ཆུང་ཆུང་ཞིག་གིས་ཀྱང་སྐབས་དེའི་སྨན་བཅོས་ཆ་རྐྱེན་གྱི་འོག་ཏུ་མིའི་ཚེ་སྲོག་ཀྱང་འཕྲོག་ལ་ཁད་བྱེད་ལ། ཐེངས་དེར་ནད་བྱུང་བ་ལས་སྟོབས་ལྡན་རྗེས་ཕྱོགས་སུ་སྨན་བཅོས་མི་སྣ་ཞིག་བྱེད་པའི་ཆོད་སེམས་ཇེ་བརྟན་དུ་བཏང་།
ཁྱིམ་ཚང་ནང་དུ་ངལ་རྩོལ་བྱེད་མཁན་མེད་པས་སྟོབས་ལྡན་སློབ་གྲྭར་འགྲོ་འདོད་པའི་བསམ་བློ་དེ་མངོན་འགྱུར་བྱེད་མ་ཐུབ