རིག་གནས་ལ་དུངས་ཞེན་ཟབ་པའི་དོན་ལྡན་མི་ཚེ།
2016.05.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 69

ཆབ་འགག་རྡོ་རྗེ་ཚེ་རིང་ནི་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་ང་བརྒྱད་ལོའི་ཟླ་གཉིས་པར་མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཆབ་འགག་གསེར་གཞོངས་སུ་སྐྱེས་པ་དང་། དེ་ནས་སློབ་ཆུང་དང་སློབ་འབྲིང་སོགས་རིམ་པར་མཐར་ཕྱིན་རྗེས། གཅིག་དགུ་བདུན་ཅུ་དོན་དྲུག་ལོའི་་ཟླ་གསུམ་པ་ནས་གཅིག་དགུ་དོན་དགུ་ལོའི་ཟླ་གསུམ་པའི་བར་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ་སློབ་སྦྱོང་བྱས། གཅིག་དགུ་དོན་དགུ་ལོའི་ཟླ་དགུ་པ་ནས་གཅིག་དགུ་གྱ་གསུམ་ལོའི་ཟླ་བདུན་པའི་བར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་དངོས་གཞིའི་བསླབ་ཚན་སློབ་གཉེར་བྱས་ཤིང་། དེ་ནས་གཅིག་དགུ་གྱ་ལྔ་ལོའི་ཟླ་བདུན་པ་ནས་གཅིག་དགུ་གྱ་བརྒྱད་ལོའི་ཟླ་བདུན་པའི་བར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་ཞིབ་འཇུག་སློབ་མའི་བསླབ་ཚན་སློབ་གཉེར་བྱས། དེའི་སྐབས་སུ་མཁས་དབང་ཚེ་ཏན་ཞབས་དྲུང་དང་ཨ་ཁུ་དམུ་དགེ་བསམ་གཏན་མཆོག་གི་སྐུ་མདུན་ནས་བོད་ཀྱི་རིག་གནས་ལ་ཐོས་པ་རྒྱ་ཆེར་བྱས་ཤིང་། ཁྱད་པར་དུ་སྙན་ངག་སྤྱི་དོན་དང་དབྱངས་ཅན་སྒྲ་མདོ་སྦྱང་པས་ཀུན་བཤད་ཀྱི་མཚན་ལ་དབྱངས་ཅན་དགའ་བའི་བློ་གྲོས་ཞེས་བཏགས།

ཁོ་རང་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་གསར་རྩོམ་གྱི་ལས་ལ་ཞུགས་ཏེ། སྔ་ཕྱིར་བརྩམས་སྒྲུང་དང་སྙན་ངག ལྷུག་རྩོམ། འཁྲབ་གཞུང་། བོད་རིག་པའི་སྐོར་གྱི་དཔྱད་རྩོམ་སོགས་མང་པོ་ཞིག་སྤེལ་མྱོང་ལ། བོད་ཡིག་གི་དུས་དེབ«མཚོ་སྔོན་མང་ཚོགས་སྒྱུ་རྩལ »སོགས་ཀྱི་སྟེང་དུ་སྐབས་དེར་གཞོན་ནུའི་ལང་ཚོ་དར་བའི་ཁོང་གི་རྩོམ་ཡིག«ཐོག་མའི་བརྩེ་དུང» དང« ན་ཆུང་རྩེན་པའི་སྐྱོ་གླུ»སོགས་བཀོད་རྗེས་སློབ་གྲྭ་ཆེ་འབྲིང་གི་ཀློག་པ་པོ་མི་ཉུང་བ་ཞིག་གི་དགའ་བསུ་རྒྱ་ཆེར་ཐོབ་མྱོང་ཞིང་། ལོ་རབས་དེའི་ནང་གི་བརྩེ་དུངས་ཀྱིས་ཕྱུག་པའི་ན་གཞོན་ཕོ་མོ་རྣམས་ལ་བག་ཆགས་ཀྱང་ཟབ་མོ་ཐེབས་ཡོད། བྱ་བའི་དགོས་མཁོའི་དབང་གིས་ཁོས་སྔ་གཞུག་ཏུ་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་། མཚོ་ལྷོ་ཁུལ་རིག་གནས་ཅུས། མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་སུ་རིག་གནས་ཀྱི་བྱ་བ་ལེགས་པར་སྒྲུབས་མྱོང་པས། ལས་རྐང་སོ་སོ་ནས་རིག་གནས་ཀྱི་བྱ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཤིང་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་བླངས་ཡོད། དེ་ལས་རྩོམ་རིག་གསར་རྩོམ་དང་བོད་རིག་པའི་ཞིབ་འཇུག་གི་གྲུབ་འབྲས་སུ་བགྲང་རུང་བའི་བརྩམས་ཆོས་མང་པོ་ཞིག་ལ་དགའ་རྟགས་ཀྱང་ཐོབ་མྱོང་བར་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། རིག་གནས་པུའུ། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་སོགས་འབྲེལ་ཡོད་སྡེ་ཁག་ནས་ཁོང་གི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་ཐོབ་ཅིང་། ཆེད་དུ་གཟེངས་བསྟོད་མང་པོ་བྱས་མྱོང་།

བྱ་བའི་ངོས་ཐད་ནས། ལས་ཁུངས་མི་འདྲ་བའི་ནང་སྔོན་ཆད་ཀྱང་བྱ་དགའ་འགའ་རེ་ཐོབ་མྱོང་ཡང་། ཉིས་སྟོང་ལོའི་ཚུན་དུ་སྤྱི་ཚོགས་ཀུན་གྱིས་ཁས་ལེན་ཐོབ་སྟེ། ཉིས་སྟོང་གསུམ་ལོར། ཆབ་འགག་རྡོ་རྗེ་ཚེ་རིང་ཁོང་ཉིད་མཚོ་ལྷོ་ཁུལ་གྱི་ཕུལ་བྱུང་མགོ་ཁྲིད་ཙན་ཁག་གི་ཁོངས་མིར་བདམས་པ་དང་། ཉིས་སྟོང་ལྔ་ལོར། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་རིག་གནས་ཁོངས་གཏོགས་ཀྱི་སྐོར་གཅིག་ཅན་བཞིའི་ཕུལ་བྱུང་ཤེས་ལྡན་མི་སྣར་བདམས། ལོ་དེར་ད་དུང་ཁུལ་ཡོངས་ཀྱི་བསམ་བློ་དང་རིག་གནས་དྲིལ་སྒྲོག་བྱ་བའི་སྔོན་ཐོན་མི་སྣ་ལ་བདམས་པ་དང་། ཁུལ་ཡོངས་ཀྱི་ཕུལ་དུ་བྱུང་བའི་རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པར་བདམས། ཉིས་སྟོང་དྲུག་ལོར། མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་མཁས་པ་དང་ཁུལ་ཡོངས་ཀྱི་རིག་གནས་དྲིལ་སྒྲོག་བྱ་བའི་སྔོན་ཐོན་མི་སྣ། མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཏང་སྲིད་མི་སྣ། མཚོ་ལྷོ་ཁུལ་གྱི་ཕུལ་བྱུང་རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པ་བཅས་ལ་བདམས། ཉིས་སྟོང་བདུན་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་དེ་སྲིད་གཞུང་གི་དམིགས་བསལ་ཕོགས་དངུལ་ལོངས་སུ་སྤྱོད་པའི་རྒྱལ་ཁབ་རིམ་པའི་ཆེད་མཁས་པར་བདམས། ད་དུང་ཉིས་སྟོང་བརྒྱད་ལོ་ནས་ཉིས་སྟོང་བཅུ་གསུམ་ལོའི་བར་བསྟུན་མར་ལོ་རེ་ལ་སྔོན་ཐོན་མི་སྒེར་གྱི་མཚན་སྙན་གང་རུང་ཐོབ་མྱོང་། ཁོས་རང་གི་རིག་གནས་ཀྱི་དགའ་ཕྱོགས་དང་བསྟུན་ནས། ལྷོད་མེད་ཀྱིས་འབད་བརྩོན་བྱས་འོག གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཞིག་བླངས་ཡོད།

དེ་ལས་ཁོང་གི་བརྩམས་ཆོས་ལ། «འབོལ་རྩོམ་པད་མའི་སྐྱེད་ཚལ»དང« སྙན་རྩོམ་ཅོ་ཀའི་དྲུག་འགྱུར»« དཔྱད་རྩོམ་རིག་པའི་རྩེད་འཇོ»« སྒྲུང་རྩོམ་གེ་སར་དགོངས་རྒྱན»«། སྒྲིག་རྩོམ་མུ་ཏིག་ཕྲེང་མཛེས» བཅས་དེབ་ལྔ་ཙམ་བྲིས་ཡོད་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དེབ་ཕྲེང་སྤྱིའི་མིང་ལ«ཆབ་འགག་རྡོ་རྗེ་ཚེ་རིང་གི་ལྗགས་རྩོམ་ཕྱོགས་བསྒྲིགས »ཞེས་བཀོད་ནས་པར་སྐྲུན་འགྲེམ་སྤེལ་བྱས་ཡོད་ཅིང་། «སྙན་རྩོམ་ངག་གི་ལྷ་མོ་གྱེས་པའི་མཆོད་པ་མེ་ཏོག་གི་ཕྲེང་བ» ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཡོད། ད་དུང་སྐད་ངག་འཛོམས་པོ་ཡོད་ཅིང་འབྱོར་བ་ཅུང་ཞན་པའི་གླུ་བ་གླུ་མ་སྐོར་ཞིག་གིས་ནན་གྱིས་བསྐུལ་བས་ཁོས་གླུ་ཚིག་ཀྱང་མང་པོ་བརྩམས་མྱོང་བ་སྟེ།« ཚེ་སྲོག་གི་གླུ»དང«ཕ་མའི་རེ་འདུན» « ཕ་མའི་བྱམས་བརྩེ»སོགས་རྒྱ་ཡིག་གིས་བྲིས་པ་དང་། «ཕ་མའི་འཚོ་བ»« ལས་འཕྲོ»«མཛེས་སྡུག་གི་མཆོད་པ »«སེམས་ཀྱི་མེ་ཏོག »«རྨི་ལས »«བཀྲ་ཤིས་བདེ་ལེགས »«སྙིང་གི་སྐྱ་ཡ»  «དབྱངས་ཅན་ལྷ་མོ » « དགེ་བའི་མཆོད་པ»སོགས་བོད་ཡིག་གི་ལམ་ནས་གླུ་ཚིག་དྲུག་ཅུར་ཉེ་བ་ཙམ་བརྩམས་ཡོད།

ལས་ཞོར་དུ་འཚོལ་སྡུད་བྱས་ནས་དག་སྒྲིག་དང་གཙོ་སྒྲིག་བྱས་པའི་མཚོ་ལྷོའི་དམངས་ཁྲོད་རིག་གནས་དཔེ་ཚོགས་ལ «ལ་གཞས»དང«ཁེད» « བཤད་པ » «གཏམ་དཔེ » «ངག་རྒྱུན » «གཏམ་རྒྱུད» སོགས་དེབ་བཅུ་ཡོད་པ་དང་། གེ་སར་སྒྲུང་གི་བྱིས་པའི་དཔེ་ཚོགས་ལ«ཨ་སྷག་ལྷ་མོ»དང«འཇང་ཕྲུག» «ལྷ་གླིང་གབ་ཙེ་དགུ་སྐོར»སོགས་དེབ་དྲུག་དཔར་དུ་བཏབ་ཡོད། དེ་མིན་གཞན«ཡ་མཚན་ཆེ་བའི་གླིང་གེ་སར་སྒྲུང་པའི་གསང་བ» དང«གངས་རིའི་བརྩེ་དུངས།»  «ཆབ་འགག་ལོ་རྒྱུས་ཤེལ་དཀར་མེ་ལོང» « མཚོ་ལྷོའི་སྣོན་བཅུད་ཀྱི་རིག་གནས»  « མཚོ་བྱང་ཁུལ་མིན་ཡོན་རྫོང་གི་རི་ཆུའི་རིག་གནས»  « བོད་ཀྱི་རྩོམ་རིག་ལོ་རྒྱུས»དང་། རྒྱ་ཡིག་གི་ལམ་ནས་བྲིས་པའི«བླ་མ་ཐུབ་བསྟན་ཉི་མའི་རྟོགས་བརྗོད»  «དག་གཙང་གི་བོད་ཡུལ། མཛེས་སྡུག་གི་མཚོ་ལྷོ» དེབ་གཉིས་དང་། གེ་སར་སྒྲུང་དེབ་སྤུས་ལེགས«སྒ་བདེའི་ཤེས་རབ་རྫོང»སྟོད་སྨད་ཆ་དང«བཀྲ་ཤིས་སྨོན་ལྔ»ཞེས་པ་སོགས་ནང་དུ་ཚུད་པའི་དེབ་སུམ་ཅུ་སོ་ལྔ་ལྷག་མི་གཞན་དང་མཉམ་འབྲེལ་གྱིས་འགྲུབ་པར་བྱས་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་སོགས་དཔེ་སྐྲུན་ཁང་མི་འདྲ་བས་སྔ་གཞུག་ཏུ་པར་སྐྲུན་བྱས་ཡོད། ཁོས་བྲིས་པའི«ལན་གྲུའི་དཔྱིད་དཔལ»ཞེས་པའི་སྙན་རྩོམ་ལ་གཅིག་དགུ་གྱ་གསུམ་ལོར་ཞིང་ལྗོངས་ལྔའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་དགའ་རྟགས་ཨང་གཉིས་པ་ཐོབ་པ་དང་། དེང་རབས་བོད་ཀྱི་རྩོམ་རིག་གི་བསླབ་དེབ་ནང་དུའང་བདམས་ཡོད།

གཞན་ད་དུང་ཁོང་གིས་རིག་གནས་ཀྱི་དུངས་ཞེན་ཉམས་པ་མེད་པར་བོད་ཀྱི་གླུ་གར་ཆེན་མོ«མཚོ་སྔོན་པོའི་གཏམ་རྒྱུད»ཅེས་པ་དང་། «འཇང་ཕྲུག»དང«རྒྱ་ཚ་ཞལ་དཀར»སོགས་ཀྱི་འཁྲབ་གཞུང་བྲིས་མྱོང་་ལ། བོད་རིགས་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར་ཆེན་མོ«གསེར་གྱི་ཉི་ཟླ»དང་བོད་པའི་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར«ལྷ་ཆབ་སྔོན་མོའི་མཆོད་པ» གེ་སར་སྒྲུང་གི་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར་འབྲིང་པ«སྐྱ་ལོའི་སྐྲ་སྟོན»སོགས་འཁྲབ་གཞུང་སྣ་ཚོགས་དང་གླུ་གར་སྣ་ཚོགས་ཀྱང་བརྩམས་ཏེ་ཀུན་གྱི་འདོད་བློ་དང་་མཐུན་པར་གང་ལ་གང་མཁོ་དེ་ལ་དེ་འབྲི་བྱས་ཏེ་ཚོགས་པ་དང་མི་སྒེར་གང་རུང་གི་འདོད་པ་མཐའ་དག་ཡོངས་སུ་བསྐངས་པ་རེད། གཟེངས་སུ་ཐོན་པའི་གྲུབ་འབྲས་དེ་དག་ལ་དམིགས་ཏེ། ཁོས་བཤད་རྒྱུར། ཁོ་བོས་རིག་གནས་བྱ་བའི་ཁྲོད་ནས་གྲུབ་འབྲས་ཕྲན་ཙམ་བླངས་པ་འདི་དག་ནི་ངས་ཕ་ཟས་ཡུན་རིང་ཟོས་པའི་རིན་པའོ་ཞེས་འཛུམ་དམངས་དང་བཅས་ཏེ་བཤད་པ་ཡིན།

དེ་ནས་གསར་འགོད་པས་ཁྱེད་རང་ཉིས་སྟོང་བཅུ་གསུམ་ལོ་ནས་བཟུང་ལས་འཁྱུར་ངལ་གསོ་བྱས་རྗེས་རིག་གནས་ཀྱི་བྱ་བ་གང་དག་སྒྲུབ་ཀྱིན་ཡོད་ཅེས་དྲིས་པ་ན། ཁོས་མུ་མཐུད་དུ་བཤད་རྒྱུར། ང་རང་རིག་གནས་ལ་དུངས་ཞེན་ཟབ་མོ་ཡོད་པས། ལས་འཁྱུར་ངལ་གསོ་བྱས་རྗེས་ཀྱང་རིག་གནས་བྱ་བ་རང་དགར་ཟུར་དུ་འདོར་མི་ཐུབ་པར། ད་དུང་མུ་མཐུད་དུ་སྔོན་ཆད་མཚོ་ལྷོ་ས་ཁུལ་གྱི་དམངས་ཁྲོད་རིག་གནས་མྱུར་སྐྱོབ་དང་སྔོག་འདོན། འཚོལ་སྡུད་དང་དག་སྒྲིག་བྱེད་དུས་བོར་ལུས་སུ་སོང་བའི་མཚོ་མཆོད་ཀྱི་ཆོ་ག་དང་དམངས་ཁྲོད་ཀྱི་རོལ་དབྱངས་། བོད་འགྱིག་དང་དིང་གླིང་སྨྱུག་གླིང་གི་སྐོར་སོགས་ལ་ལྷག་པར་ཏུ་དོ་སྣང་བྱས་ནས་སྔོན་འདོན་དང་འཚོལ་སྡུག་བྱ་རྒྱུ་ཡིན་པར་མ་ཟད། ཨ་མདོའི་བོད་པའི་གྱོན་ཆས་ཀྱི་རིགས་དང་བཟའ་བཏུང་གི་རིགས། འཚོ་བའི་ཡོ་བྱད་ཀྱི་རིགས་སྔོན་འདོན་དང་འཚོལ་སྡུད་བྱ་རྒྱུ་ཡིན་ཞེས་བཤད། དེ་ལས་གཞན་མངོན་འགྱུར་བྱེད་ཐུབ་མིན་ད་དུང་མི་ཤེས་ཀྱང་ནུས་པས་ལྕོགས་ཚོད་ཀྱིས་མ་དངུལ་འདང་ངེས་ཞིག་བརྩོན་ལེན་བྱས་ཏེ་བོད་ཀྱི་གླུ་གར་ཆེན་མོ་གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང«ཧོར་གླིང་གཡུལ་འགྱེད»དང«འཇང་ཕྲུག»  « བདུད་འདུལ »  «རྒྱ་ཚ་ཞལ་དཀར »བཞི་དེབ་གཟུགས་གཅིག་ཏུ་བསྡུས་པའི«གླིང་སྒྲུང་འཁྲབ་གཞུང་ཕྱོགས་བསྒྲིགས»ཞེས་པ་ཞིག་པར་སྐྲུན་བྱ་རྩིས་ཡོད་ལ། དེ་སྔ་པར་སྐྲུན་བྱས་ཟིན་པའི་མཚོ་ལྷོའི་དམངས་ཁྲོད་རིག་གནས་དཔེ་ཚོགས་དེབ་བཅུ་བོ་ཡང་མི་སྣ་རྩ་འཛུགས་བྱས་ནས་རྒྱ་ཡིག་ལ་བསྒྱུར་ཏེ་པར་སྐྲུན་བྱ་རྩིས་ཡོད་ཟེར། དེས་མི་ཚད་ད་དུང་དམངས་ཁྲོད་ཀྱི་གླུ་བ་གླུ་མ་འགའ་རེའི་འདོད་འདུན་ལྟར་གླུ་ཚིག་མང་པོ་བྲིས་ནས་རིན་ཡོན་མ་བླངས་པར་ཁོ་ཚོའི་རེ་འདོད་བསྐངས་མྱོང་པ་དང་། སྤྱི་ཚོགས་དང་སློབ་གྲྭ་ཁག་ནས་བསྡུས་པའི་ལ་གཞས་འགྲན་སྡུར་དང་སྙན་ངག་གྱེར་འདོན་གྱི་འགྲན་སྡུར་སྐབས་སུ་དཔྱད་འདེམ་པའི་གྲས་སུ་ཞུགས་ནས་བཅོལ་བའི་འགན་ཁུར་མཐའ་དག་ལེགས་པར་འགྲུབ་ཏུ་བཅུག་པ་ཡིན།

ཉིས་སྟོང་བཅོ་ལྔ་ལོར། མཚོ་སྔོན་ས་ཆ་ནས་བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོ་སྤེལ་བའི་སྐབས་སུ་ཁོ་ནི་གདན་ཞུས་ཀྱི་དཔྱད་འདེམ་པ་བྱས་མྱོང་ལ། ། ཉིས་སྟོང་བཅུ་དྲུག་ལོར་མཚོ་ནུབ་ཁུལ་ཏུའུ་ལན་རྫོང་ནས་འཚོགས་པའི་སྡེ་ཆེན་རྩེ་ར་འགྲན་ཁུལ་གཉིས་པའི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་སྐབས་ལྔ་བའི་སྟེང་དུ་ཡང་ཁོ་རང་གདན་འདྲེན་ཞུས་ཏེ་དཔྱད་འདེམ་པ་བྱས་མྱོང་། སྐབས་དེ་དག་ཏུ་ཁོས་གཟུར་གནས་དྲང་བཞག་གི་སྒོ་ནས་གླུ་བ་རེ་རེའི་སྐད་ངག་གི་ཉམས་འགྱུར་དང་གོས་གོན་སྟངས་ཀྱི་མཛེས་དཔྱོད་ཐད་ནས་གདེང་འཇོག་གི་དཔྱད་གཏམ་་གནད་ལ་ཁེལ་བ་མང་པོ་བརྗོད་པས་ཉན་མཁན་དང་གཟིགས་མཁན་མང་པོ་ཞིག་གི་བློ་ལ་བབས་ཤིང་དགའ་བསུ་ཚད་མེད་ཐོབ། ཁོང་ཉིད་ད་ལྟ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྱི་ཕོགས་དངུལ་ལོངས་སུ་སྤྱོད་མཁན་གྱི་རྒྱལ་ཁབ་རིམ་པའི་ཆེད་མཁས་པ་ཡིན་ལ། བོད་ཀྱི་རྩོམ་པ་པོ་གྲགས་ཅན་དུ་གྱུར་ཡོད།

རྩོམ་སྒྲིག་པ། བསོད་ནམས་ལྷ་མོ།