འབྲོག་པ་གནམ་ལྷ་བྱམས་དང་ཁོའི་རིག་གནས་ལྟེ་གནས།
2016.05.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 45

དམངས་ཕན་སྲིད་ཇུས་ཀྱི་རིགས་དང་རིག་གནས་ཀྱི་སྐོར། ལོ་རྒྱུས་ཀྱི་སྐོར། གཏམ་རྒྱུད་ཀྱི་སྐོར། བོད་ཡིག་ཡིག་ཆ་སོགས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མགོ་གྲོང་རྡལ་གྱི་མུས་གྲུ་བཞི་མ་ཉིས་བརྒྱ་བདུན་ཅུ་ཡོད་པའི་མི་རིགས་རིག་གནས་ལྟེ་གནས་དཔེ་ཁང་གི་དཔེ་སྒྲོམ་སྟེང་དུ་སོ་སོར་གྲལ་དག་པའི་ངང་སྒྲིག་ཡོད། དེའི་ཁྲོད་དུ་གནའ་བོའི་རྒྱལ་རབས་ཀྱི་སྐོར་དང་བོད་ཡིག་གིས་བྲིས་པའི་ལོ་རྒྱུས་དང་བོད་ཡིག་གི་བྱིས་པའི་རི་མོའི་དཔེ་ཆ། དབྱིན་ཡིག་གི་དཔེ་ཆ་གྲགས་ཅན་མང་པོ་ཡོད། དེར་ཆ་རྒྱུས་མེད་པ་དག་གིས་རྫོང་རིམ་པའི་དཔེ་མཛོད་ཁང་ཞིག་ཡིན་པར་འདོད་ལ། དོན་དངོས་སུ་དཔེ་མཛོད་ཁང་དེ་ནི་མགོ་མང་གྲོང་རྡལ་ཚ་ནག་སྡེ་བའི་འབྲོག་པ་གནམ་ལྷ་བྱམས་ཀྱིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པའི་དཔེ་མཛོད་ཁང་རེད།

དཔེ་མཛོད་ཁང་དེའི་ནང་གི་དཔེ་ཆའི་རིགས་དང་བོད་ཡིག་གི་དཔེ་ཆ་དེ་དག་ལས་གནམ་ལྷ་བྱམས་ཀྱི་སེམས་ངལ་དང་རེ་སྨོན་མཐོང་ཐུབ། མིག་སྔའི་བར་དུ་དཔེ་མཛོད་ཁང་དེའི་ནང་དུ་རིམ་བསགས་བྱས་ན་མ་དངུལ་སྒོར་འབུམ་གསུམ་དང་ཁྲི་གཅིག་བཏང་པ་དང་། དཔེ་ཆ་ཁྲི་ལྔ་ཙམ་ཉོས་ཡོད་ལ། ཚགས་པར་དང་དུས་དེབ་སྣ་ཁ་བཞི་བཅུ་བསྡུས་ཡོད། དེ་ནི་གནམ་ལྷ་བ་བྱམས་ཀྱིས་གསར་སྐྲུན་བྱས་པའི་རིག་གནས་ལྟེ་གནས་དཔེ་ཁང་གི་ཁག་གཅིག་ཡིན། གནམ་ལྷ་བྱམས་ཀྱིས་ད་དུང་སོ་ཕག་གིས་ཁང་པ་གྱན་དགུ་ཅན་གྱི་དཔེ་མཛོད་ཁང་འཛུགས་སྐྲུན་བྱས་ཡོད།
ཁོས་འཛུགས་སྐྲུན་བྱས་པའི་དཔེ་མཛོད་ཁང་དེར་ད་དུང་གཏམ་རྒྱུད་ཅིག་ཡོད། གནམ་ལྷ་བྱམས་ནི་ས་གནས་དེའི་ས་སྐྱེས་རྡོ་སྐྱེས་ཀྱི་འབྲོག་པ་ཞིག་ཡིན། ཆུང་དུས་སུ་ཁྱིམ་ཚང་ཧ་ཅང་དབུལ་བོ་ཡིན་པས་ཁོ་རང་སློབ་གྲྭར་འགྲོ་བའི་སྐལ་བའང་མ་ལྡན། དུས་ཡུན་རིང་བོ་ཞིག་གི་འབད་བརྩོན་བརྒྱུད་མཐར་ད་གཟོད་དབུལ་ཕོངས་ལས་ཐར་ནས་འཚོ་བ་ཉིན་རེ་བཞིན་ཇེ་བཟང་དུ་གྱུར། 

ཉིས་སྟོང་ལོར། གནམ་ལྷ་བྱམས་ནི་གྲོང་རྡལ་དེའི་ནང་གི་སྦྱིན་བདག་ཆུང་ཆུང་ཞིག་རུ་གྱུར་ནའང་ཁོས་རང་ཉིད་ཆུང་དུས་སུ་སློབ་གྲྭར་འགྲོ་མ་ཐུབ་པས་རིག་གནས་མེད་པའི་སྡུག་བསྔལ་དེ་ནམ་ཡང་སེམས་ནས་བརྗེད་ཐབས་མེད་པ་དང་ནམ་ཡང་རང་གི་ཡུལ་མི་རྣམས་སེམས་ནས་བརྗེད་ཀི་མེད། རང་གི་གཡས་གཡོན་གྱི་མི་རྣམས་ཀྱིས་རིག་གནས་སློབ་ནས་མིག་རྒྱང་སྐྱེད་པ་དང་ཚན་རྩལ་བེད་སྤྱད་ནས་ཕྱུག་པོར་གཏོང་ཆེད། སྔོན་ཆད་ཁོས་སོ་ཕག་ལས་སྤྱད་ཀྱི་མ་དངུལ་སྒོར་ཁྲི་ལྔའི་ནང་ནས་སྒོར་ཁྲི་གཉིས་བླངས་ནས་དཔེ་མཛོད་ཁང་དང་ཡང་ན་རིག་གནས་ལས་གཞི་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་བཏང་།  དཔེ་མཛོད་ཁང་དེ་འཛུགས་སྐྲུན་བྱས་པ་བཟུང་། དེའི་ནང་དུ་ཡོང་མཁན་ཡང་སྔར་ལས་ཀྱང་ཇེ་མང་དུ་སོང་སྟེ། རིག་གནས་ཤེས་བྱ་སློབ་སྦྱོང་དང་ཚན་རྩལ་ཤེས་བྱ་དང དུས་ཐོག་སྲིད་ཇུས་ལ་རྒྱུས་ལོན་བྱས་དང་བྱེད་བཞིན་འདུག་པས། སྡེ་བ་དང་གྲོང་རྡལ་དེའི་རྣམ་པར་ཡང་འགྱུར་ལྡོག་མང་པོ་བྱུང་། ད་ལྟ་དཔེ་ཆར་ལྟ་བ་དང་ཚགས་པར་ལ་བལྟས་ནས་གཞུང་ལུགས་སློབ་པའི་མི་ཇེ་མང་དུ་སོང་བ་དང་། ཆང་འཐུང་པ་དང་ཤོ་རྒྱག་མཁན་ཇེ་ཉུང་དུ་སོང་། ཚན་རྩལ་སློབ་པ་དང་ཚན་རྩལ་བཀོལ་བའི་མི་ཇེ་མང་དུ་སོང་པ་དང་རྨོངས་དད་བྱེད་མཁན་ཇེ་ཉུང་དུ་སོང་། དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་དོན་ཆེན་ལ་སེམས་ཁུར་བྱེད་མཁན་ཇེ་མང་དུ་སོང་བ་དང་གུས་ལུགས་མེད་པའི་བྱ་སྤྱོད་ཇེ་ཉུང་དུ་སོང་ཡོད། བྱས་རྗེས་འཇོག་པ་དང་སྤྱོད་ངན་སྒྱུར་བའི་མི་ཇེ་མང་དུ་སོང་ཞེས་གནམ་ལྷ་བྱམས་ཀྱིས་དགའ་སྤྲོས་ངང་བཤད་བྱུང།

ཉིན་རྒྱུན་སྔ་དྲོའི་ཆུ་ཚོད་དགུའི་སྟེང་དཔེ་མཛོད་ཁང་གི་སྒོ་ཕྱེས་རྗེས། རིག་གནས་ལྟེ་གནས་མཐའ་འཁོར་གྱི་སློབ་མ་དང་སྡེ་མི་རྣམས་དཔེ་མཛོད་ཁང་དེའི་ནང་དུ་ཡོང་ནས་དཔེ་ཆར་ལྟ་བ་དང་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། དཔེ་མཛོད་ཁང་དེའི་ནང་དུ་འགྲོ་བ་ཡང་སྡེ་མི་རྣམས་ཀྱི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་གྲུབ་ཆ་ཞིག་ཏུ་གྱུར།

གནམ་ལྷ་བྱམས་ཀྱིས་སྡེ་མི་རྣམས་ལ་དཔེ་མཛོད་ཁང་དེ་སྐྲུན་པ་ལས་གཞན་ད་དུང་དཔེ་མཛོད་ཁང་དེའི་འགྲམ་གྱི་ཁང་པ་ཞིག་གི་ནང་དུ་གཙགས་དྲུབ་དང་ཐང་ག་སོགས་རིགས་སྣ་ཚོགས་ཀྱི་བོད་ཀྱི་ལག་བཟོས་སྒྱུ་རྩལ་མང་པོ་ཡོད། གནམ་ལྷ་བྱམས་ཀྱིས་མཚམས་སྦྱོར་བྱས་ནས་བཤད་རྒྱུར། བརྩམས་ཆོས་དེ་དག་ནི་སློབ་མ་ཚོས་བརྩམས་ཆོས་རེད། ཉིས་སྟོང་བཅུའི་ལོར་ཁོས་མ་དངུལ་སྒོར་ཁྲི་གཉིས་བསགས་ནས་བོད་ཀྱི་གཙགས་དྲུབ་དང་རྡོ་བརྐོས་ལས་གཞིའི་གསོ་སྦྱོང་འཛིན་གྲྭ་ཞིག་སྒྲུབ་སྟེ། ས་གནས་དེའི་བུད་མེད་དང་རོང་འབྲོག་དམངས་སྐོར་ཞིག་རང་གི་ཁོམ་སྐབས་དང་བསྟུན་ནས་རང་འགུལ་སྒོས་གསོ་སྦྱོང་འཛིན་གྲྭར་ཞུགས། སློབ་མ་རྣམས་ལ་རང་གི་ལག་རྩལ་ལས་ཡོང་སྒོ་ཐོབ་པ་མ་ཟད། ད་དུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱས། ད་སྐབས་རིག་གནས་ལྟེ་གནས་དེས་ལོ་རེར་གསོ་སྦྱོང་འཛིན་གྲྭ་ཐེངས་གསུམ་ལ་བསྡུ་བཞིན་ཡོད་པ་དང་། ཐེངས་རེར་ཆ་སྙོམས་ཀྱིས་མི་སུམ་བརྒྱ་དང་བདུན་ཅུ་ཞུགས་ཀྱིན་ཡོད།

གཡང་མོ་རྒྱལ་ནི་ཆོས་ཚ་སྡེ་བའི་འབྲོག་མི་ཞིག་ཡིན་ལ། ཉིས་སྟོང་བཅུ་བཞིའི་ལོར་མོས་མགོ་མང་གྲོང་རྡལ་དུ་བོད་ཀྱི་གཙགས་དྲུབ་ཀྱི་གསོ་སྦྱོང་འཛིན་གྲྭ་ཞིག་ཡོད་པ་ཤེས། དེང་ཐོག་མོས་ཚོད་ལྟ་ཞིག་བྱེད་འདོད་པའི་སེམས་ཁམས་ཀྱིས་འཛིན་གྲྭ་དེར་མིང་ཐོ་བཀོད། བློ་ཡིད་ལས་འདས་པ་ཞིག་ལ་ཉིན་བཅོ་ལྔའི་རིང་ལ་གསོ་སྦྱོང་བྱས་རྗེས་རང་ཉིད་ཀྱིས་བོད་ཀྱི་གཙགས་དྲུབ་སྒྲིག་བཟོ་བྱེད་ཐུབ་པ་བྱུང་། གཡང་མོ་རྒྱལ་གྱིས་བཤད་རྒྱུར། གསོ་སྦྱོང་འཛིན་གྲྭ་འདི་ངོ་མ་ཅིག་བཟང་གི སྔོན་ཆད་རང་ཉིད་ལ་ལས་ཀ་མེད་པས་རང་དགར་བསྡད་ཡོད། ད་སྐབས་འདི་ལྟ་བུའི་ལག་རྩལ་ཞིག་ཤེས་སོང་བས་ལས་ཀ་ཡོད་ལ་ཡོང་སྒོ་ཡང་ཡོད་ཟེར།

གནམ་ལྷ་བྱམས་ཀྱིས་གསོ་སྦྱོང་འཛིན་གྲྭ་དེ་སྒྲུབ་ཀྱིན་སྒྲུབ་ཀྱིན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་མཐའ་འཁོར་གྱི་སྡེ་བའི་ནང་ནས་གཡང་མོ་རྒྱལ་ལྟ་བུའི་འབྲོག་མི་མང་པོ་ཞིག་ཁོའི་རིག་གནས་ས་ཚིགས་སུ་བོད་ཀྱི་གཙགས་དྲུབ་དང་རྡོ་བརྐོས་སོགས་ལག་རྩལ་སློབ་སྦྱོང་བྱེད་དུ་འོང་པས་ས་གནས་དེའི་འབྲོག་པ་མང་ཚོགས་ལ་ཕྱུག་སྒྱུར་གྱི་ལམ་བུ་ཞིག་འདོན་སྤྲོད་བྱས།

གསོ་སྦྱོང་འཛིན་གྲྭ་སྒྲུབ་པ་ནི་ཚང་མས་ལག་རྩལ་རེ་སློབ་རྗེས་ཚང་མའི་སྣེ་ཁྲིད་དེ་ཕྱུག་སྒྱུར་བྱེད་པ་དེ་ཁ་ནས་བཤད་པ་ཙམ་མ་ཡིན་པར་དོན་དངོས་སུ་འགྱུར་བར་བྱེད་པ་དེ་ཡིན། དེ་ལྟར་སྒྲུབ་རྗེས་ང་རང་ཉིད་ཀྱི་རེ་བ་མངོན་འགྱུར་བྱུང་པ་མ་ཟད་ད་དུང་བློ་ཡིད་ལས་འདས་པའི་དོན་བཟང་ཞིག་ཀྱང་ཡོད་ཟེར། གནམ་ལྷ་བྱམས་ཀྱིས་བཤད་པའི་བློ་ཡིད་ལས་འདས་པའི་དོན་བཟང་ཟེར་བ་དེ་ཁང་བའི་ནང་ན་གཙགས་དྲུབ་ཀྱི་ཚོང་རྟགས་སྔོན་པོ་ཞིག་ཡོད་པ་དེ་རེད། དེང་ཐོག་གསོ་སྦྱོང་འཛིན་གྲྭ་དེས་རྒྱུན་ལྡན་གྱི་སྲོལ་རྒྱུན་གྱི་མི་སྣ་དང་རི་དྭགས། བཀྲ་ཤིས་རྟགས་བརྒྱད་སོགས་བོད་ཀྱི་གཙགས་དྲུབ་ཐོན་རྗས་བཟོ་བ་དང་། རྗེས་སུ་སློབ་མ་རྣམས་ཀྱི་བསམ་ཚུལ་བརྗོད་པའི་ཚོགས་འདུ་ཞིག་གི་སྟེང་དུ་སློབ་མ་ཞིག་གིས་དགེ་རྒན་ལ་ང་ཚོས་རིགས་གཞན་པ་ཞིག་རི་མོ་གཙགས་ན་ཆོག་གམ་ཞེས་དྲིས་བྱུང་། འདྲི་ཚིག་དེས་གསོ་སྦྱོང་འཛིན་གྲྭ་དེའི་ལག་རྩལ་ཐོན་རྗས་ཀྱི་སྣ་ཁ་ཇེ་མང་དུ་བཏང་སྟེ། ཡོང་སྒོ་ཡང་ཇེ་མང་དུ་སོང་།

དཔེ་མཛོད་ཁང་དང་བོད་ཀྱི་གཙགས་དྲུབ། རྡོ་བརྐོས་བཅས་ཀྱི་གསོ་སྦྱོང་འཛིན་གྲྭ་ནི་གནམ་ལྷ་བྱམས་ཀྱི་མི་རིགས་རིག་གནས་ལྟེ་གནས་ཀྱིས་རོང་འབྲོག་མང་ཚོགས་ཀྱི་རིག་གནས་བསམ་པའི་འཚོ་བ་ཕུན་སུམ་ཚོགས་པ་དང་ཕྱུག་སྒྱུར་གྱི་ལམ་དུ་ཁྲིད་པའི་གྲུབ་ཆ་ཁག་གཅིག་ཡིན་ལ། ལྟེ་གནས་དེའི་བར་ཁྱམས་ཀྱི་འགྲེམ་སྟོན་སྟེགས་བུའི་སྟེང་ལོ་འདི་དག་གི་རིང་ལ་གནམ་ལྷ་བྱམས་ཀྱིས་མཐའ་འཁོར་གྱི་སྡེ་མི་རྩ་འཛུགས་བྱས་ནས་བོད་གླུ་འགྲན་སྡུར་བྱས་པའི་ཡུལ་དངོས་རེ་རེའི་ཟིན་ཐོ་བཀོད་ཡོད་པ་དང་། དེའི་ཁྲོད་དུ་འགྲན་སྡུར་བྱ་དགའ་ཡང་སྡེར་མ་དང་སླ་ང་སོགས་ནས་བརྙན་འཕྲིན་དང་འཕྲུལ་རྟ་སོགས་བྱིན་པ་ལས་བོད་གླུ་འགྲན་སྡུར་དེ་ཡང་ཡར་རྒྱས་གོང་འཕེལ་དུ་སོང་བ་བདེན་དཔང་བྱེད་ཐུབ།

གནམ་ལྷ་བྱམས་ཀྱི་མི་རིགས་རིག་གནས་ལྟེ་གནས་ཀྱི་དཔེ་མཛོད་ཁང་དང་བོད་ཀྱི་གཙགས་དྲུབ། རྡོ་བརྐོས་བཅས་ཀྱི་འཛིན་གྲྭའི་རིག་གནས་ལྟེ་གནས་རྐྱང་རྐྱང་ལ་བལྟས་པ་ཙམ་གྱིས་ཀྱང་མི་རྣམས་ལ་ནང་དོན་ཕུན་སུམ་ཚོགས་པའི་རིག་གནས་ལྟེ་གནས་ཞིག་ཡིན་པའི་སྣང་བ་སྟེར་ཐུབ་པ་དང་། དེ་ལས་ཀྱང་ཁྱད་དུ་འཕགས་པ་ནི་གནམ་ལྷ་བྱམས་ཀྱིས་འབད་བརྩོན་འོག་ཏུ་སྔར་ལས་ཀྱང་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བ་དེ་ཡིན། ད་སྐབས་དཔེ་མཛོད་ཁང་གཙོ་ཡིན་པའི་གློག་ཀླད་དང་དབྱིན་ཡིག་གསོ་སྦྱོང་བྱེད་པ་དང་གློག་བརྙན་སྟོན་པ། དམངས་སྲོལ་གྱི་ཅ་ལག་དངོས་འགྲེམ་སྟོན་བྱེད་པ། བོད་གླུ་འགྲན་སྡུར་སོགས་རིག་གནས་བྱ་འགུལ་སྤེལ་བ་དེ་མགོ་མང་གྲོང་རྡལ་དང་ཀོས་ནན་རྫོང་གིས་རིག་གནས་དྲིལ་སྒྲོག་ལྟེ་གནས་ཁྱིམ་ཚང་གསར་འཛུགས་བྱེད་པའི་དཔེ་དང་སྲོལ་དུ་གྱུར་ནས་སྣེ་ཁྲིད་ཀྱི་ནུས་པ་ངེས་ཅན་ཞིག་ཐོན་གྱིན་ཡོད།
མིག་སྔར། གནམ་ལྷ་བྱམས་ཀྱིས་ས་གནས་ཀྱི་མི་རིགས་རིག་གནས་ཀྱི་ཐོན་ཁོངས་བདེ་སྤྱད་དེ་འབྲོག་དམངས་རིག་རྩལ་འཁྲབ་སྟོན་རུ་ཁག་ཞིག་རྩ་འཛུགས་བྱས་ནས་ཞིང་ཆེན་ཕྱི་ནང་དུ་འཁྲབ་སྟོན་བྱས་ཏེ་མུ་མཐུད་དུ་ཡུལ་མི་རྣམས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་འཆར་འགོད་བྱེད་བཞིན་ཡོད། ཁོས་ད་དུང་འགྱིག་དང་ཕིང་ཕིང་ལྒང་ལི། ཐགས་ལྡིང་། ལུས་ཕུང་སྦྱོང་བརྡར་བྱེད་པའི་སྒྲིག་ཆས་སོགས་རིག་གནས་ལུས་རྩལ་གྱི་སྒྲིག་ཆས་སྐོར་ཞིག་ཉོས་ནས་དཔེ་མཛོད་ཁང་གཙོ་ཡིན་པའི་རིག་གནས་ལྟེ་གནས་དེ་སྲིད་ཇུས་དྲིལ་སྒྲོག་དང་ཚན་རྩལ་གསོ་སྦྱོང་། རིག་གནས་རོལ་རྩེད། འཕྲིན་གསར་དྲ་རྒྱ་བཅས་གཞི་གཅིག་ཅན་གྱི་ཕྱུག་སྒྱུར་གནས་གཞི་ཞིག་བཙུགས་ནས་རྒྱུན་ཆད་མེད་པར་རྒྱ་ཆེའི་མང་ཚོགས་ཀྱི་ཚན་རྩལ་དང་རིག་གནས། འཕྲིན་གསར་བཅས་ཀྱི་དགོས་མཁོ་བསྐང་སྟེ་ས་གནས་དེའི་རོང་འབྲོག་དམངས་ལ་སྔར་ལས་མང་པ་དང་སྔར་ལས་བཟང་བའི་རིག་གནས་ཀྱི་འཚོ་བ་ཞིག་ལོངས་སུ་སྤྱོད་དུ་འཇུག་པར་བསམ་བློ་གཏོང་བཞིན་ཡོད།

ལོ་ཙྭ།  བསོད་ནམས་ལྷ་མོ།