མན་དེ་བཟང་མོས་བུད་མེད་རྣམས་ཀྱི་སྣེ་ཁྲིད་དེ་ཕྱུག་སྒྱུར་གྱི་ལམ་དུ་སྐྱོད་པ།
2016.05.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 32

 མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་གྱི་ཡངས་ཤིང་རྒྱ་ཆེ་བའི་སྲང་ལམ་དུ“ཨ་མྱེས་གོ་རི་གསར་སྤེལ་ཆེད་ལས་མཉམ་ལས་ཁང་གི་ཕྱིར་འཚོང་ས་ཚིགས”ཞེས་པའི་སྒོ་བྱང་ཞིག་བཀལ་ཡོད། ཉིན་འགའི་སྔོན་དུ་གསར་པ་གནས་འདིར་སོང་མྱོང་།
“འབྲི་ནག་འོ་མ་རྒྱ་མ་གང་ལ་སྒོར་བཅུ་གཅིག་དང་མར་རྒྱ་མ་གང་ལ་སྒོར་ལྔ་བཅུ་ང་ལྔ་ཡིན། ཚང་མ་གསར་བ་ཡིན” ཞེས་ཕྱིར་འཚོང་ས་ཚིགས་ཀྱི་ནང་དུ་བོད་མོ་ཞིག་གིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ཚང་མར་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་ཐོན་རྫས་ངོ་སྤྲོད་བྱེད་ཀྱིན་ཡོད།
ཁོ་མོའི་་མིང་ལ་མན་དེ་བཟང་མོ་ཟེར་ལ། ད་ལོར་ལོ་སུམ་ཅུ་སོ་གཉིས་ཡིན་པ་དང་། མཉམ་ལས་ཁང་དེའི་བདག་གཉེར་པ་ཡིན།

ཉིས་སྟོང་ལོར། མགོ་ལོག་ཁུལ་བོད་ཡིག་སློབ་འབྲིང་ནས་སློབ་མཐར་ཕྱིན་པའི་མན་དེ་བཟང་མོ་མཚོ་སྔོན་ཞིང་ཆེན་ཧོང་ཡོན་ཕྱུགས་ལས་སྨན་བཅོས་སློབ་གྲྭའི་ནང་རྒྱུགས་འཕྲོད་མོད། འོན་ཀྱང་ཁྱིམ་ཚང་ལ་དཀའ་ཆེ་བས་སློབ་མཚམས་མི་འཇོག་ཀ་མེད་བྱུང་།
ཉིས་སྟོང་དགུའི་ལོའི་ཟླ་བདུན་པར། གོ་སྐབས་བཟང་བོ་ཞིག་གི་འོག་ཏུ་ཁོ་མོ་མགོ་ལོག་ཁུལ་གྱིས་བསྡུས་པའི་ལས་སྐྲུན་གསོ་སྦྱོང་འཛིན་གྲྭར་ཞུགས་པར་མ་ཟད། ད་དུང་སྐྱེད་མེད་དངུལ་བུན་སྒོར་ཁྲི་ལྔ་ཐོབ། ཁོ་མོས་ལྗིད་ཏིག་ཏིག་གི་སྒོར་མོ་དེ་ལག་ཏུ་བཟུང་ནས། སེམས་སུ་རྩིས་ཞིབ་མོ་ཞིག་བརྒྱབ།

ལོ་དེའི་ལོ་མཇུག་ཏུ། མན་དེ་བཟང་མོ་རྨ་ཆེན་རྫོང་རྟ་བོ་ཐང་ལ་ཡོང་ནས་མུས་གྲུ་བཞི་མ་བཅུ་ལྷག་ཡོད་པའི་ཟས་རིགས་ཚོང་ཁང་ཞིག་གཉེར་མོད། འོན་ཀྱང་ཉམས་མྱོང་མེད་པ་དང་ཁང་གླ་མཐོ་བའི་རྐྱེན་གྱིས་མ་རྩ་བརྡིབས་པར་མ་ཟད། ད་དུང་བུ་ལོན་མང་པོ་ཞིག་ཁུར།
ཉིས་སྟོང་བཅུ་གཅིག་ལོར། མན་དེ་བཟང་མོ་ཡང་བསྐྱར་ཚོང་རའི་ནང་ཞུགས་ཏེ། རང་གི་ཁྱོ་ག་དང་རང་སྡེའི་འབྲོག་མི་བཅུ་ལྷག་ཁྲིད་ནས་དབྱར་རྩྭ་དགུན་འབུའི་ཚོང་བརྒྱབ། ལོ་དེར་དབྱར་རྩྭ་དགུན་འབུའི་རིན་གོང་མཐོ་བའི་ཁར། ཁོ་མོའི་བློ་རིག་མྱུར་པས། ཟླ་གསུམ་གྱི་ནང་སྒོར་ས་ཡ་གཅིག་ལྷག་གི་ཁེ་བཟང་ཐོབ།

ཉིས་སྟོང་བཅུ་གསུམ་ལོའི་ཟླ་གསུམ་པར། མན་དེ་བཟང་མོས་རྨ་ཆེན་རྫོང་སྲིད་གཞུང་ལ་མཉམ་ལས་ཁང་ཞིག་འཛུགས་རྒྱུའི་རེ་འདུན་ཞུས་པ་དང་རང་ཁྱིམ་གྱི་སྡོད་ཁང་གི་ཁེར་ཐོག་མཉམ་ལས་ཁང་གི་ཚོང་ཁང་དུ་བསྒྱུར་རྗེས། རང་ས་གནས་ཀྱི་ལྷད་མེད་ཕྱུགས་ལས་ཐོན་ཁུངས་ལ་དམིགས་ནས་ཡུལ་མི་ཚོ་དང་མཉམ་དུ་ཕྱུག་པོར་སྒྱུར་བའི་ལས་དོན་གཉེར།

ཁོ་མོའི་སྐུལ་སློང་འོག། བུད་མེད་བཅུ་ཡིས་འབྲི་མོ་བརྒྱ་ལྷག་ཉོས་ནས་ཁྱིམ་ཚང་གི་འགན་གཙང་ལེན་བྱེད་པའི་ཐབས་སྤྱད། རང་ཁྱིམ་ནས་ཐོན་པའི་འོ་མ་དང་མར་ཕྱུར་སོགས་མཉམ་ལས་ཁང་བརྒྱུད་དེ་གཅིག་གྱུར་གྱིས་ཕྱིར་འཚོང་བྱས། མན་དེ་བཟང་མོ་གྲོང་རྡལ་ཡོངས་ཀྱི་གསོ་སྤེལ་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་བུད་མེད་སྣེ་ཁྲིད་པ་ཨང་དང་པོར་གྱུར་ཅིང་། དབུལ་ཕོངས་ཁྱིམ་ཚང་གི་བུད་མེད་མང་པོར་སྐུལ་ཁྲིད་བྱས་ནས་མཉམ་ལས་ཁང་དུ་ཞུགས།

ཏྭ་རེ་འཚོ་ཚང་ནི་ཁྱིམ་ཚང་དབུལ་བོ་ཞིག་ཡིན། ཁྱིམ་མི་ལྔ་ཡོད་ལ་དཔལ་འབྱོར་ཡོང་ཁུངས་གཅིག་ཀྱང་མེད། མན་དེ་བཟང་མོས་ཏྭ་རེ་འཚོ་ཚང་གི་གནས་ཚུལ་ཤེས་རྗེས། ཁོ་མོ་མཉམ་ལས་ཁང་དུ་བསྡུས། ངའི་ལས་འགན་གཙོ་བོ་ནི་ཕྱུགས་འཚོ་བ་དང་འོ་མ་འཇོ་བ་ཡིན། ལོ་མཇུག་ཏུ་སྒོར་སྟོང་གཉིས་དང་ལྔ་བརྒྱ་ཡི་ཁེ་བཟང་ཡོད། མཉམ་ལས་ཁང་གིས་དུ་དུང་ངའི་བྱིས་པ་གསུམ་པོར་མི་རེར་སྒོར་ལྔ་བརྒྱ་ཡི་སློབ་ཞུགས་རོགས་དངུལ་སྟེང་གྱིན་ཡོད། འདི་ནི་ང་ཚོ་དབུལ་ཕོངས་ཁྱིམ་ཚང་ལ་མཚོན་ན། དངོས་གནས་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ་ལྟ་བུ་ཡིན་ཞེས་ཏྭ་རེ་འཚོས་སེམས་འགུལ་ཐེབས་པའི་ངང་དེ་ལྟར་བཤད།

ར་རྒྱ་གྲོང་རྡལ་གྱི་ཀྲིན་ཀྲང་གིས་གསར་འགོད་པར་ཁོ་མོ་ནི་ང་ཚོའི་གྲོང་རྡལ་གྱི་ཚན་རྩལ་ལ་བརྟེན་ནས་ཕྱུག་པོར་གྱུར་བ་ཞིག་ཡིན་ལ། ཚང་མས་སློབ་སྦྱོང་བྱེད་སའི་མིག་དཔེ་ཞིག་ཀྱང་ཡིན། གཞེས་ནིང་ལོར། སྲིད་གཞུང་གིས་མཉམ་ལས་ཁང་ལ་མ་དངུལ་སྒོར་འབུམ་དྲུག་བཏང་ནས་ཁོ་མོས་ར་རྒྱ་གྲོང་རྡལ་གྱི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་བའི་རེ་བ་བཅངས་འདུག་ཅེས་བཤད། ད་ལྟ་མཉམ་ལས་ཁང་གི་གསོ་སྤེལ་རྒྱ་ཁྱོན་ཇེ་ཆེར་འགྲོ་བཞིན་འདུག མཉམ་ལས་ཁང་གི་ཁོངས་མི་ཡང་སྔོན་ཆད་ཀྱི་མི་བཅུ་ཙམ་ནས་ད་ལྟའི་མི་སུམ་ཅུར་བུད་པ་དང་། མཉམ་ལས་ལ་བཞོན་མ་ཉིས་བརྒྱ་བཞི་བཅུ་ཡོད། མི་རེའི་ཆ་སྙོམ་ཡོང་སྒོ་སྒོར་སྟོང་གསུམ་དང་ལྔ་བརྒྱར་འཕར་ཡོད།

རྩོམ་སྒྲིག་པ། བསོད་ནམས་ལྷ་མོ།