གཞི་རིམ་གྱི་སྨན་པ་བཟང་བོ་གཡང་འབུམ་རྒྱལ་གྱི་གནས་ཚུལ།
2016.05.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 139

1.jpg

གཡང་འབུམ་རྒྱལ་གྱིས་ནད་པར་སྨན་བཅོས་བྱེད་བཞིན་པ།

2.jpg

གཡང་འབུམ་རྒྱལ་གྱིས་སྨན་ལེན་བཞིན་པ།


གཡང་འབུམ་རྒྱལ་གྱིས་ལོ་ངོ་ཞེ་དྲུག་རིང་དུ་གཞི་རིམ་སྨན་པའི་ལས་རྐང་དང་པོ་རུ་སྨན་བཅོས་ཀྱི་བྱ་བ་གཉེར། སྔོན་ཆད་ཁོ་རྟར་ཞོན་ནས་ཁྱིམ་ཚང་རེ་རེར་སོང་ནས་ནད་པར་སྨན་བཅོས་བྱས་མྱོང་། ད་ལྟ་དེང་རབས་ཅན་གྱི་སྡེ་བའི་འཕྲོད་བསྟེན་ཁང་དུ་ནད་པར་སྨན་བཅོས་བྱེད་བཞིན་ཡོད། གཡང་འབུམ་རྒྱལ་ཡང་འབྲོག་ཁུལ་གྱི་སྨན་བཅོས་མི་སྣ་གཞན་དག་དང་འདྲ་བར་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ། སྨན་བཅོས་ལམ་ལུགས་བཅོས་སྒྱུར་གྱི་གྲུབ་འབྲས་གསལ་བོར་མཐོང་ཡོད་པ་དང་། ཁོའི་ཐུན་མིན་གྱི་སྨན་བཅོས་ལག་རྩལ་གྱིས་ས་གནས་མང་ཚོགས་མང་བོ་ནད་ཀྱི་ཟུག་རྔུ་ལས་གྲོལ་བར་བྱས།

གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་མགར་རྩེ་སྡེ་བའི་འབའ་ཐང་འཕྲོད་བསྟེན་ཁང་དུ་ཐོན་པ་ན། ད་ལོར་ལོ་དྲུག་ཅུར་སོན་པའི་སྨན་པ་གཡང་འབུམ་རྒྱལ་གྱིས་ནད་པར་སྨན་བཅོས་བྱེད་བཞིན་ཡོད། གསར་འགོད་པས་ཁོད་ཡངས་དག་གཙང་གི་འཕྲོད་བསྟེན་དེ་རུ་གནམ་ཁབ་རྒྱག་སའི་འདུག་གནས་དང་ནད་བརྟག་བྱེད་སའི་མལ་ཁྲི། དུག་སེལ་སྒྲིག་ཆས་སོགས་སྨན་བཅོས་ཡོ་བྱད་ཆ་ཚང་དུ་བསྒྲིགས་ཡོད་པ་མཐོང་། རྒྱུས་ལོན་པ་ལྟར་ན། ན་ནིང་ཐུན་ཏེ་རྫོང་གིས་མ་དངུལ་ས་ཡ་གཅིག་དང་འབུམ་དྲུག་བཏང་ནས་རྫོང་ཡོངས་ཀྱི་སྡེ་བའི་འཕྲོད་བསྟེན་ཁང་སོ་གཉིས་ལ་བསྐྱར་བཟོ་རྒྱས་སྐྲུན་བྱས། འབའ་ཐང་སྡེ་བའི་འཕྲོད་བསྟེན་ཁང་དེ་ཡང་ན་ནིང་རྫོང་ཡོངས་སུ་བསྐྱར་བཟོ་བྱས་པའི་སྨན་བཅོས་སྒྲིག་ཆས་ཆ་ཚང་བའི་འཕྲོད་བསྟེན་དང་པོ་ཡིན་པ་དང་། རྒྱ་ཁྱོན་སྨི་གྲུ་བཞི་མ་དྲུག་ཅུར་སླེབས་ཡོད། སྤྱིར་ཡིན་ན་འཕྲོད་བསྟེན་ཁང་དུ་ནད་བརྟག་སྨན་བཅོས་བྱེད་སྤྱད་ཀྱི་སྒྲིག་ཆས་སྣ་ཁ་བཅུ་བདུན་ཡོད་དགོས། བོད་སྨན་དང་ཕྱི་ལུགས་སྨན་རྫས་སྣ་ཁ་བརྒྱ་དང་ཉི་ཤུ་ལྷག་ཡོད་པས། ས་གནས་མང་ཚོགས་ཀྱི་ནད་སྟོན་པའི་རེ་བ་ཕལ་ཆེར་སྐོང་ཐུབ།

གཡང་འབུམ་རྒྱལ་གྱིས་ལོ་བཅོ་ལྔ་ནས་བཟུང་བོད་སྨན་སྦྱང་མགོ་བརྩམས། ལོ་ངོ་བཞི་བཅུའི་རིང་། ཁོ་དུས་རྒྱུན་རྟར་ཞོན་ནས་སྨན་བཅོས་བྱེད་དུ་འགྲོ་བཞིན་ཡོད། གཡང་འབུམ་རྒྱལ་གྱིས“སྔོན་ཆད་སྨན་བཅོས་ཁང་མེད་པས། ངས་སྨན་སྒམ་ཁུར་ནས་རྟ་ཞོན་ཏེ་གང་སར་སྨན་བཅོས་བྱེད་དུ་སོང་བ་ཡིན། དེའི་རྗེས་ནས་རང་གིས་ས་ཁང་གྱན་གཉིས་ལས་པ་ཡིན”ཟེར། དུས་ཀྱི་འཕོ་འགྱུར་དང་བསྟུན་ནས། སྔོན་ཆད་ཀྱི་ས་ཁང་དེ་དག་ཅིང་གཙང་ལ་ཁོད་ཡངས་བའི་འཕྲོད་བསྟེན་ཁང་དུ་གྱུར་ཡོད། གཡང་འབུམ་རྒྱལ་གྱིས་ཡང་མུ་མཐུད་དུ་བཤད་རྒྱུར། “ད་ལྟ་སྨན་བཅོས་ཆ་རྐྱེན་ཇེ་བཟང་ནས་ཇེ་བཟང་དུ་སོང་ཡོད་པས། ང་ཚོ་སྡེ་བའི་སྨན་པར་འཕྲོད་བསྟེན་ཁང་འདི་ལྟ་བུ་ཡོད་པ་དང་། སྒྲིག་ཆས་ཀྱང་ཆ་ཚང་ཡིན་པས་ནད་བརྟག་སྨན་བཅོས་བྱེད་སྐབས་ཅི་བསམ་དེ་འགྲུབ་རེད”ཟེར།

རྐ་འབའ་སུམ་མདོ་གྲོང་རྡལ་མགར་རྩེ་སྡེ་བར་ཁྱིམ་ཚང་སུམ་བརྒྱ་ལྷག་ཡོད་པ་དང་མི་གྲངས་ཆིག་སྟོང་སུམ་བརྒྱ་ལྷག་ཡོད། ཉིན་རེར་ཕལ་ཆེར་མི་བཅུ་ནས་ཉི་ཤུ་ལྷག་འཕྲོད་བསྟེན་ཁང་དུ་ཡོང་ནས་ནད་ལ་སྟོན་བཞིན་ཡོད། གཙོ་བོ་མགོ་ན་བ་དང་ཆམ་པ་བྱུང་ཡོད་པའི་ནད་རེད། གཡང་འབུམ་རྒྱལ་གྱིས་ནད་པ་རེ་རེར་སེམས་ཞིབ་མོས་ནད་བཅོས་བྱས་ཏེ། ནད་ཆུང་བ་སྡེ་བ་ནས་སྟོན་ཐུབ་པར་བྱས། མཚམས་ལན་རེར་ཆ་རྐྱེན་གྱི་དབང་གིས་ནད་པ་ཅུང་ལྗི་བའི་རིགས་རྫོང་སྨན་ཁང་དུ་ནད་བཅོས་བྱེད་དུ་འགྲོ་དགོས་ནའང་གཡང་འབུམ་རྒྱལ་གྱིས་ཁོ་ཚོར་རོགས་རམ་བྱེད་པ་རེད། ལོ་བཞིའི་ཡར་སྔོན་དུ། སྡེ་བའི་སྦྲུམ་མ་ཞིག་གིས་བྱིས་པ་བཙའ་དཀའ་བ་དང་ཁྲག་མང་བོ་བཞུར་བའི་གནས་ཚུལ་ཚབས་ཆེན་བྱུང་དེ་འཕྲོད་བསྟེན་ཁང་དུ་ཐོན་པ་ན། གཡང་འབུམ་རྒྱལ་གྱིས་དེར་སྨན་བཅོས་བྱས་ནས་ཐག་གཅོད་བཟང་བོ་བྱེད་བསམ་མོད། འོན་ཀྱང་འཕྲོད་བསྟེན་ཁང་གི་ཆ་རྐྱེན་མི་འདང་བས་གཡང་འབུམ་རྒྱལ་གྱིས་མྱུར་དུ་རླངས་འཁོར་བཀོད་སྒྲིག་བྱས་ཏེ། ཁོས་དངོས་སུ་རྫོང་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་དུ་སོང་བས། མཇུག་མཐར་མ་བུ་གཉིས་ཀ་ཉེན་ཁ་ལས་ཐར་དུ་བཅུག

ས་གནས་དེའི་ཁྱིམ་ཚང་ལ་ལ་ཅུང་དབུལ་བོ་ཡིན་པས། སྨན་ཉོ་མི་ཐུབ་པ་རེད། གཡང་འབུམ་རྒྱལ་གྱིས་སྨན་རིན་ཇེ་དམའ་རུ་གཏོང་བ་དང་ཡང་ན་རིན་མེད་དུ་སྨན་བྱིན་ནས་གང་ནུས་ཀྱིས་ཁོ་ཚོར་རོགས་རམ་བྱེད་ཀྱིན་ཡོད། སྡེ་མི་ཚེ་ཐར་ཚང་ཧ་ཅང་དབུལ་བའི་ཁྱིམ་ཚང་ཞིག་ཡིན་ལ། ནད་ལ་སྟོན་པ་དང་སྨན་ཉོ་སྤྱད་ཡོད་མཁན་ཞིག་མ་རེད། ནམ་རྒྱུན་སྡེ་བའི་འཕྲོད་བསྟེན་ཁང་དུ་ནད་བཅོས་བྱེད་དུ་ཡོང་སྐབས་གཡང་འབུམ་རྒྱལ་གྱིས་རིན་མེད་དུ་སྨན་བཅོས་བྱས་པ་རེད། དཀའ་ཁག་ཅན་ལ་རོགས་སྐྱོར་པ་དང་རིན་མེད་དུ་སྨན་བཅོས་བྱེད་དགོས་ཞེས་པ་ལྟར་གཡང་འབུམ་རྒྱལ་གྱིས་ཐེངས་རེ་རེར་ལག་ལེན་དངོས་ལས་མི་ཀུན་གྱི་བདེ་ཐང་ལ་ཕན་མང་བོ་བཏགས།

དེ་མིན། གཞི་རིམ་ས་ཆའི་སྨན་པ་ཞིག་ཡིན་པའི་ཆ་ནས། གཡང་འབུམ་རྒྱལ་གྱིས་ས་གནས་མང་ཚོགས་ལ་ནད་བརྟག་སྨན་བཅོས་བྱེད་པ་ལས་གཞན། ད་དུང་རིམས་ནད་འགོག་བཅོས་དང་དལ་བའི་རིང་བཞིན་གྱི་རིམས་ནད་དོ་དམ་བྱེད་པ་སོགས་ཚེགས་ལྗི་བའི་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་བྱ་བའང་ཞོར་དུ་སྒྲུབ་བཞིན་ཡོད། དེ་ལས་གཞན་ཁོ་ད་དུང་སྡེ་བའི་ནང་གི་འཆར་ལྡན་བུ་སྐྱེ་བྱ་བའི་འབྲེལ་གཏུག་མཁན་ཡིན་ལ། དུས་རྒྱུན་ཁྱིམ་ཚང་རེ་རེར་སོང་ནས་བདེ་ཐང་སློབ་གསོའི་ཤེས་བྱ་དྲིལ་སྒྲོག་བྱེད་པ་དང་སྦྲུམ་མའི་ཟས་དང་སྤྱོད་ལམ་ཕྱོགས་སུ་ཁྲིད་སྟོན་ཞབས་ཞུའི་བྱ་བ་སྒྲུབ་བཞིན་ཡོད་པས། ཉིན་རེའི་བྱ་བ་དཀའ་ཚེགས་ཆེ་ལ་བྲེལ་བ་ཧ་ཅང་ཆེ།

རྒྱུས་ལོན་པ་ལྟར་ན། སྤྱི་ལོ2009ལོའི་ཡར་སྔོན་དུ། ཐུན་ཏེ་རྫོང་དུ་གཡང་འབུམ་རྒྱལ་ལྟ་བུ་མི་གཅིག་གིས་འཕྲོད་བསྟེན་ཁང་གི་བྱ་བ་ཡོད་ཚད་སྒྲུབ་པའི་སྡེ་བ་རིམ་པའི་སྨན་པ་མི་དོན་གསུམ་ཡོད། ཁོ་ཚོའི་བྱ་བའི་ཁུར་བོ་ཇེ་ཡང་དང་བོད་ཀྱི་གསོ་བ་རིག་པ་དར་སྤེལ་དུ་གཏོང་ཆེད། རྫོང་གིས་གཞི་རིམ་སྨན་བཅོས་མི་སྣ་བསྡུ་ལེན་བྱས་པས། ད་སྔ། སྡེ་བ་རིམ་པའི་སྨན་བཅོས་མི་སྣ་བརྒྱ་དང་ཞེ་བཞི་ལ་སླེབས་ཡོད་པ་དང་། སྡེ་བ་རེར་ཕལ་ཆེར་མི་སྣ་གཉིས་རེ་ཡོད། ད་ལོ་ལོ་སུམ་ཅུར་སོན་པའི་བཀྲ་ཤིས་རྒྱལ་མཚན་ཆེད་སྦྱོང་སློབ་མཐར་ཕྱིན་རྗེས། འབའ་ཐང་འཕྲོད་བསྟེན་ཁང་དུ་ཡོང་ནས་གཡང་འབུམ་རྒྱལ་གྱི་སློབ་མར་གྱུར། འདས་པའི་ལོ་བདུན་གྱི་རིང་ལ། གཡང་འབུམ་རྒྱལ་གྱིས་རང་གི་གསོ་རིག་རིག་གནས་ཐད་སྦྱང་བའི་ཤེས་བྱ་མཐའ་དག་སྦ་གསང་ཅི་ཡང་མེད་པར་སློབ་བུ་བཀྲ་ཤིས་རྒྱལ་མཚན་ལ་ཤེས་སུ་བཅུག་ཏེ། ཁོ་སྔ་མོ་ནས་སྡེ་བའི་སྨན་པ་འགན་འཁྲི་ཅན་ཞིག་བྱེད་རྒྱུ་རེ་བ་བྱས།

སྔོན་ཆད་སྡེ་བའི་སྨན་པ་ཞིག་གི་ཡོང་སྒོ་སྒོར་བརྒྱ་ཤོག་འགའ་ལས་མེད་མོད། འོན་ཀྱང་ད་སྐབས་ཐུན་ཏེ་རྫོང་ནོར་སྲིད་སྡེ་ཁག་གིས་ལོ་རེར་འཕྲོད་བསྟེན་ཁང་རེར་ཁ་གསབ་མ་དངུལ་སྒོར་སྟོང་གཉིས་ཀྱི་གཞུང་སྒྲུབ་གྲོན་དངུལ་སྟེར་བཞིན་ཡོད་པར་མ་ཟད། ཐེངས་གཅིག་ལ་སྒོར་སྟོང་གསུམ་གྱི་སྨན་རྫས་མ་དངུལ་འཁོར་སྐྱོད་བྱེད་པའི་གྲོན་དངུལ་སྟེར་བཞིན་ཡོད། སྡེ་བའི་སྨན་པའི་གླ་ཕོག་མི་རེར་ལོ་རེར་ཁྲི་གཅིག་དང་སྟོང་གཅིག་ནས་ཁྲི་གཅིག་དང་སྟོང་གཉིས་བར་ཡིན། དེ་མིན། སྲིད་གཞུང་སྡེ་ཁག་གིས་ཚད་གཞི་དང་མཐུན་པའི་སྡེ་བའི་སྨན་པ་སོ་བདུན་ལ་མཁར་གྲོང་ལས་བཟོ་བའི་ཚད་གཞི་ལྟར་རྒན་གསོའི་མ་དངུལ་སྤྲོད་བཞིན་ཡོད།

ཏང་ནང་དུ་ཞུགས་ནས་ལོ་ངོ་སུམ་ཅུ་འགོར་ཡོད་པའི་གཡང་འབུམ་རྒྱལ་གྱིས་བསམ་པར། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག དཀའ་ཁག་ཅི་འདྲ་ཆེ་རུང་ཁོས་སྔོན་ཆད་ལྟར་སྨན་བཅོས་ལས་དོན་ལ་རྒྱུན་འཁྱོངས་བྱས་ནས་ས་གནས་མང་ཚོགས་རྣམས་ནད་ཀྱི་སྡུག་བསྔལ་ལས་གྲོལ་བར་བྱས་ཏེ། ཏང་ཡོན་ཞིག་གི་འགན་འཁྲི་དང་ལེན་བྱེད་བཞིན་ཡོད། གཡང་འབུམ་རྒྱལ་གྱིས “ང་སྡེ་བ་འདིར་ནར་སོན་པ་ཡིན་པས། རང་གི་སྡེ་མི་རྣམས་ལ་བརྩེ་དུང་ཟབ་མོ་ཞིག་ཆགས་ཡོད། ས་འདིའི་མང་ཚོགས་ཚོ་ང་ལ་ཡིད་ཆེས་བརྟན་པོ་ཡོད། ངས་ཡང་མུ་མཐུད་དུ་གསོ་རིག་སྨན་བཅོས་ཀྱི་ལས་དོན་སྒྲུབ་ནས་སྡེ་མི་རྣམས་ལ་སྨན་བཅོས་ཞབས་ཞུ་སྒྲུབ་རྒྱུ་ཡིན”ཟེར།
 

3.jpg

ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་མགར་རྩེ་སྡེ་བའི་འབའ་ཐང་འཕྲོད་བསྟེན་ཁང་།

ལོ་ཙཱ་བ། ཤ་བོ་རིན་མཚོ།