རི་མོ་བྲིས་པ་དང་ཀུན་ནས་མཚུངས་བའི་མདོ་ལ་རིང་མོའི་ཡུལ་ལྗོངས་སུ་ཕྱིན་པ་ན། མཛེས་སྡུག་ལྡན་པའི་རི་སྡེ་དང་གྲོང་རྡལ། བོད་ཀྱི་ཁྱད་ཆོས་ལྡན་པའི་ཐོག་ཁང་གཉིས་བརྩེགས་ཅན་ཏེ“རྩྭ་ཐང་གི་ས་ཚིགས”བཅས་ནི་སྟོན་ལྗོངས་ཀྱི་མཛེས་སྡུག་ཁྲོད་དེ་བས་ཀྱང་མིག་དབང་འཕྲོག་པ་ཞིག་ཏུ་སྣང་འདུག
“ཧྲུའུ་ཅི་གཡང་སྐྱིད་ཀྱིས་རོགས་བྱས་ཏེ། སྤྲོ་སྐྱིད་ཁང་ཕྱེ་བའི་ཕུགས་འདུན་དེ་མངོན་འགྱུར་བྱེད་དུ་བཅུག”མདོ་ལ་རྫོང་རྫ་མ་སྐེ་ཞང་སྒོ་མེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དབྱངས་སྐྱིད་གླེང་སྐབས་རྩྭ་ཐང་གི་ས་ཚིགས་ཀྱི་བདག་པོ་བསོད་ནམས་འབུམ་བཟའ་མི་གང་པོས་བརྗོད་མི་ཚར་བའི་བསྟོད་བསྔགས་བྱེད་ཀྱིན་ཡོད།
སྒོ་མེ་སྡེ་བ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་ཞིག་སྟེ་བོད་རིགས་མི་གྲངས་ཀྱིས་བརྒྱ་ཆའི་བཅུ་ཡན་ཟིན་ལ། སྡེ་བ་དེའི་འཚོ་བའི་ཡོང་ཁུངས་ནི་རང་གཉེར་གྱི་རྩྭ་སར་བརྟེན་དགོས་པས། སྡེ་བའི་ནང་ཁང་གསར་ལས་པའི་ཁྱིམ་ཚང་ཕལ་ཆེར་མེད།
ཉེ་བའི་ལོ་འདི་དག་གི་རིང་ལ་གནས་སྤོར་འབྲོག་པའི་གཏན་སྡོད་ལས་གཞི་དང་། ཞིང་སྡེའི་ཉེན་ཁང་བསྒྱུར་བཀོད་ལས་གཞི། ཞིང་སྡེའི་བྱ་དགའ་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལས་གཞི་དང་ཡང་ན“མཛེས་པའི་ཡུལ་གྲོང”འཛུགས་སྐྲུན་ལས་གཞི་སོགས་ལས་གཞི་རབ་དང་རིམ་པའི་དམངས་ཕན་སྲིད་ཇུས་སྡེ་བའི་ནང་དོན་ཐོག་ཏུ་འཁྱོལ་བཞིན་ཡོད་ལ། གཡང་སྐྱིད་དང་སྡེ་བའི་ཏང་ཡོན་མགོ་ཁྲིད་ཀྱི་སྣེ་ཁྲིད་འོག་ཏུ་སྒོ་མེ་སྡེ་བའི་རྣམ་པ་གསར་བ་ཞིག་ཏུ་བསྒྱུར་ཡོད།
“དང་ཐོག་ངེད་ཚང་གིས་འབྲོག་པའི་སྤྲོ་སྐྱིད་ཁང་སྒོ་འབྱེད་དུས་སྦྲ་གུར་ཕུབ་པ་དང་། སྦྲ་གུར་གཉིས་ཀྱི་ནང་དུ་མི་ཡང་མང་པོ་ཞིག་མི་ཤོང་། ད་ལྟ་བློ་ཡུལ་ལས་འདས་པའི་འགྱུར་ལྡོག་བྱུང་བ་སྟེ། རྩྭ་ཐང་གི་ས་ཚིགས་ཀྱིས་ཡུལ་སྐོར་པ་ལ་བཟའ་བཏུང་ཁོ་ན་འདོན་སྤྲོད་བྱེད་པ་ཙམ་མིན་པར། ཞག་སྡོད་གནད་དོན་ཡང་ཐག་གཅོད་བྱེད་ཐུབ”ཅེས་ས་ཚིགས་ཀྱི་བདག་པོ་བསོད་ནམས་འབུམ་གྱིས་ཧ་ཅང་སྤྲོ་བའི་ངང་ནས་དེ་ལྟར་བཤད།
མ་གཞི་བསོད་ནམས་འབུམ་ལ་འབྲོག་པའི་སྤྲོ་སྐྱིད་ཁང་གི་གཞི་ཁྱོན་ཇེ་ཆེར་གཏོང་འདོད་པའི་བསམ་ཚུལ་ཡོད་མོད། འོན་ཀྱང་མ་རྩའི་དབང་གིས་ད་རག་བར་མངོན་འགྱུར་བྱེད་མ་ཐུབ།
“མང་ཚོགས་ཀྱི་འདོད་བློ་ནི་མགོ་ཁྲིད་ཀྱིས་བསྒྲུབ་དགོས་པ་དེ་ཡིན། ངེས་པར་འབྲོག་པའི་སྤྲོ་སྐྱིད་ཁང་དེ་བོས་ན་མིང་ཡོད་པ་ཞིག་དང་བགོས་ན་སྐལ་ཡོད་པ་ཞིག་ཏུ་གཏོང་དགོས”ཞེས་གཡང་སྐྱིད་ཀྱིས་དེ་ལྟར་སེམས་ཐག་བཅད། མ་དངུལ་གྱི་གནད་དོན་ཐག་གཅོད་བྱེད་ཆེད་ཁོ་མོས་ཐེངས་མང་པོར་རྫོང་གི་གཙོ་གཉེར་སྡེ་ཁག་ལ་ཡར་ཞུ་དང་། ཡང་དང་བསྐྱར་དུ་མཐུན་སྦྱོར་བྱས་པས། ན་ནིང་ད་གཟོད་ཡུལ་སྐོར་སྡེ་ཁག་གིས་ལག་བསྟར་བྱས་པའི་རྩྭ་ཐང་ས་ཚིགས་ཀྱི་ལས་གཞི་དེ་བརྩོན་ལེན་བྱེད་ཐུབ་སོང་།
2014ལོའི་ཟླ་དྲུག་པར་ཤོག་སྦག་གི་སྒྲ་དང་ལྷན་དུ“རྩྭ་ཐང་གི་ས་ཚིགས”ལས་མགོ་བརྩམས་པ་རེད། ལོ་གཅིག་རིང་དུ་འཛུགས་སྐྲུན་དང་མཛེས་སྤྲས་བྱས་ཏེ་ད་ལོའི་ཟླ་ལྔ་པར་དངོས་སུ་ལས་གཉེར་བྱས་པ་དང་། “ཚོང་ཁང་དེར་སྲིད་གཞུང་གིས་མ་དངུལ་སྒོར་འབུམ་བཞི་བཏང་བར་མ་ཟད། ཁང་མིག་ལྔའི་མགྲོན་ཤག་ཏུ་སྒོར་ཁྲི་ལྔ་བཀོལ་ནས་ཁྱིམ་ཆས་བསྒྲིགས་པ་རེད། ན་ནིང་གི་ཡུལ་སྐོར་དུས་ཚིགས་བཟང་བའི་སྐབས་སུ་སྡེ་བའི་ནང་གི་བུད་མེད་ཚོ་ས་ཚིགས་སུ་ཡོང་སྟེ་རོགས་བྱས་པ་དང་། ཉིན་གཅིག་ལ་སྒོར་བརྒྱ་བཙལ་ཐུབ་པ་རེད”ཅེས་བསོད་ནམས་འབུམ་གྱིས་དེ་ལྟར་བཤད།
མ་གཞིར“རྩྭ་ཐང་གི་ས་ཚིགས”ནི་སྒོ་མེ་སྡེ་བའི་མཛེས་པའི་ཡུལ་གྲོང་གི་ཟུར་ཞིག་རེད། 2014ལོར། ཏང་དང་སྲིད་གཞུང་གི“མཛེས་པའི་ཡུལ་གྲོང”འཛུགས་སྐྲུན་བྱེད་པའི་སྲིད་ཇུས་ཀྱི་དཔྱིད་རླུང་དེ་སྒོ་མེ་སྡེ་བར་ལྡང་མགོ་བརྩམས་ལ། འཛུགས་སྐྲུན་མ་བྱས་པའི་སྔོན་དུ་གཡང་སྐྱིད་ཁྱིམ་ཚང་རེ་རེར་སོང་སྟེ་གནས་ཚུལ་རྒྱུན་ལོན་བྱས་པ་དང་། ལས་མགོ་རྩོམ་པའི་སྐབས་སུ། མོས་ནམ་རྒྱུན་དབྱར་ཞྭ་ཆེན་པོ་ཞིག་གོན་ནས་ཁྱིམ་ཚང་རེ་རེའི་འཛུགས་སྐྲུན་ལས་ཡུལ་དུ་བརྒྱུགས་པ་རེད།
“ངའི་རྐང་ལག་མི་བདེ་བའི་དབང་གིས་གཡང་སྐྱིད་ནམ་རྒྱུན་ངེད་ཚང་ལ་ཡོང་སྟེ་རོགས་བྱེད་ལ། སོ་ཕག་རྩིག་པའམ་རྫ་ལེབ་འགེབས་པ། གཙང་སྦྲ་བྱེད་པ་སོགས་ལས་ཀ་ཆེ་མ་ཆུང་གསུམ་གང་ཡིན་རུང་ཁོ་མོས་འཕྲོག་རེས་བྱས་ཏེ་ལས་པ་རེད”གཡང་སྐྱིད་དང་ཏང་ཡོན་ལས་བྱེད་པ་གླེང་སྐབས། ལོ་ན་ང་གསུམ་ལ་སོན་པའི་རིན་ཆེན་རྡོ་རྗེར་ཡིད་འགུལ་ཚད་མེད་ཐེབས་ཏེ་དེ་ལྟར་བཤད་བྱུང་།
དེང་སྐབས། བོད་ཀྱི་ཁྱད་ཆོས་མངོན་པར་དོད་པའི་ཁང་པ་དེ་དག་སྒོ་མེ་སྡེ་བར་གྲལ་དག་པོར་ཆགས་ཡོད། འདམ་བག་གི་གཞུང་ལམ་ནི་ཨར་འདམ་ལམ་དུ་བསྒྱུར་ལ། ཉི་ནུས་ལམ་སྒྲོན་གྱིས་སྡེ་མིའི་འགྲོ་ལམ་གསལ་པོར་བྱས་ཡོད། ལུས་རྩལ་གྱི་སྒྲིག་ཆས་ཆ་ཚང་ཡིན་པའི་ལུས་རྩལ་ར་བ་ནི་སྡེ་བའི་དཀྱིལ་སྙིང་དུ་གྱུར་ཡོད། བརྙན་འཕྲིན་དང་འཁྱག་སྒམ། གློག་ཀླད་སོགས་དེང་རབས་ཅན་གྱི་སྒྲིག་ཆས་ཆ་ཚང་ཁྱིམ་ཚང་རེ་རེར་བསྒྲིགས་ཡོད། གླུ་ལེན་གར་རྩེད་བྱེད་པ་ནི་རྩྭ་ཐང་གི་འབྲོག་པའི་ལྷན་སྐྱེས་ཀྱི་ལེགས་ཆ་ཡིན་པས། སྒོ་མེ་སྡེ་བའི་བོད་ཀྱི་དམངས་ཁྲོད་བྲོ་གར་ཏེ“རྩེད་རིག”ནི་འཁྲབ་སྟོན་གྱི་ལོ་རྒྱུས་རིང་ལ། གཡང་སྐྱིད་ཀྱིས་ཀྱང་ལྷན་སྐྱེས་ཀྱི་བློ་རིག་དེ་དང་ཐོན་ཁུངས་དེ་བཀོལ་སྤྱོད་བྱས་ཏེ། དེའི་གཟི་འོད་འདོན་སྤེལ་བྱེད་འདོད་པ་རེད། དེ་བས་ཁོ་མོས་ཐེངས་མང་པོར་རྩ་འཛུགས་དང་གྲོས་བྱས་ཏེ་ཁོ་ཚོར་རིག་རྩལ་ཚོགས་པ་འཛུགས་རྒྱུའི་བསམ་ཚུལ་བཤད། གཡང་སྐྱིད་ཀྱི་རྩ་འཛུགས་འོག་དང་སྡེ་བའི“རྩེད་རིགས”རྒྱུད་འཛིན་པ་ཆོས་མཚོ་སྒྲོལ་མའི་སྣེ་ཁྲིད་འོག་མི་བཞི་བཅུ་ཡས་མས་ཡོད་པའི་རྩེད་རིགས་རིག་རྩལ་འཁྲབ་སྟོན་ཚོགས་པ་དངོས་སུ་བཙུགས་བྱུང་།
དེ་བས། སྡེ་བའི་གསར་དུ་ལས་པའི་རིག་གནས་ཐང་ཆེན་བཀོལ་སྤྱོད་བྱས་ཏེ། སྡེ་མིའི་གླུ་ལེན་བྲོ་གར་གྱི་ལྷན་སྐྱེས་ཀྱི་ནུས་པའང་རྩ་བ་ནས་བསླངས་ཤིང་། ཐང་ཆེན་དུ་ཞབས་བྲོ་འཁྲབ་པའི་མི་ཇེ་མང་ནས་ཇེ་མང་དུ་གྱུར། ཐ་ན་སྡེ་བའི་མི་གྲངས་ཉུང་བའི་རྒྱ་རིགས་ཁྱིམ་ཚང་བཅུ་གྲངས་ཀྱི་བུད་མེད་རྣམས་ཀྱང་འཁྲབ་སྟོན་ཚོགས་པའི་ནང་བཀུག་ཅིང་། ཁོ་མོ་ཚོས་རང་འགུལ་གྱིས་བོད་ལྭ་ཉོས་པ་དང་ཉིན་རྒྱུན་དགོང་མོ་རིག་གནས་ཐང་ཆེན་དུ་ཡོང་སྟེ་བོད་རིགས་མང་ཚོགས་དང་མཉམ་དུ་སྐོར་བྲོ་འཁྲབ་པ་རེད། རིག་རྩལ་ཚོགས་པ་དེ་ད་རུང་རྫོང་རིམ་པའི་རྩ་འཛུགས་བྱས་པའི་འཁྲབ་སྟོན་ནང་དུ་ཐེངས་མང་པོར་ཞུགས་མྱོང་ལ། ཡུལ་མཐའ་འཁོབ་རྗེས་ལུས་ཡིན་པའི་རི་སྡེ་ལས་བརྒལ་ཏེ་ཧྲང་ཧེ་དང་ཅང་སུའུ་སོགས་གྲོང་ཁྱེར་ཆེ་བ་དག་ལ་སོང་ནས་འཁྲབ་སྟོན་ཡང་བྱས་མྱོང་།
ད་ལྟ། སྔོན་ཆད་སྡེ་བའི་ནང་དུ་ཤོ་རྒྱག་པ་དང་བྱ་སྤྱོད་ངན་པ་སྣ་ཚོགས་མང་ལ། ད་ལྟ་དེ་དག་གཅིག་ཀྱང་མེད་པར་ལྒང་ལི་དང་སྐོར་བྲོ། རྣམ་པ་ཆུང་བའི་ཟས་མཆོག་རོལ་བའི་དུས་ཆེན་གྱིས་ཚབ་བྱས་ཡོད།
གཡང་སྐྱིད་ནི་མཛེས་སྡུག་སྤྱོད་བཟང་གི་བོད་རིགས་བུད་མེད་ཅིག་ཡིན་ལ། ཁོ་མོས་རང་ཉིད་ལ་ཡོད་པའི་བརྩོན་པ་དང་བློ་རིག མང་ཚོགས་ལ་བཅངས་བའི་མཛའ་བརྩེ་བཅས་ལ་བརྟེན་ནས་སྡེ་མི་ཡོངས་ཀྱི་སྣེ་ཁྲིད་དེ་མཛེས་སྡུག་ལྡན་པའི་སྒོ་མེ་བསྐྲུན་པ་རེད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།