གངས་འཚོ་དང་ཁོའི་ཞིབ་འཇུག་གི་གྲུབ་འབྲས།
2016.05.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 204

གངས་འཚོ་ཞེས་པ་ནི་ཁོ་བོའི་པིར་མིང་ཡིན་ལ། ཁོའི་མིང་ངོ་མར་ཐར་བ་འབུམ་ཞེས་འབོད། ས་གནས་དེའི་རྒྱུས་ཡོད་མང་ཚོགས་འགའ་དང་ཤེས་ལྡན་པ་ཀུན་གྱིས་གཅིག་མཐུན་དུ་འཚམས་སྦྱོར་བྱས་པ་ལྟར། གསར་འགོད་པས་འཕྲལ་མར་ཁ་པར་བཏང་སྟེ་འབྲེལ་གཏུག་བྱས་ཤིང་། ཁོ་རྫོང་ཐོག་ཏུ་བོས་ནས་རིག་གཞུང་ཞིབ་འཇུག་གི་ཆ་ནས་བཅར་འདྲི་ཞིག་བྱེད་རྩིས་ཡིན་པས་ཉིད་ཀྱིས་དང་ལེན་བྱེད་རོགས་ཞེས་སྨྲས་པ་ན། ཁོས་གཤིས་བཟང་ཚིག་འཇམ་ངང“མིན། མིན། ང་ལྟ་བུ་ལ་བཅར་འདྲི་བྱེད་རིན་ཡོད་པ་མ་རེད། ཡོན་ཏན་པ་དང་རྩོམ་པ་པོ་གཞན་དག་ལ་བཅར་འདྲི་བྱས་ན་འགྲིག ”ཞེས་ཞི་དུལ་ཁེངས་སྐྱུང་གི་སྒོ་ནས་ཁེས་ལེན་མི་བྱེད་མོད། འོན་ཀྱང་སྐབས་དེར་ཁོ་ཚོ་དང་མཉམ་དུ་ཡོད་པའི་རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ་གྱིས་གཟུར་གནས་ཀྱིས་གདེང་འཇོག་བྱས་ཏེ་ཀུ་རེ་འདྲེས་མའི་ཚུལ་གྱིས་བརྗོད་དོན། “ང་ལྟ་བུ་ཡིན་ན་སྒྲུང་གཏམ་འབྲི་བའི་ཞོར་ནས་འདི་ཡང་འཐུང་ཞེས་ཆང་ཕོར་འགྱོག་པའི་ཚུགས་ཀ་དགོད་བྲོ་བ་ཞིག་གིས་གངས་འཚོ་ལ་བལྟས་ནས། ཁོ་ནི་ངོ་མ་གཞུང་དང་རིག་གནས་ཀུན་ལ་མཁྱེན་དཔྱོད་ཟབ་པའི་ངེས་དོན་གྱི་ཡོན་ཏན་པ་ཚུལ་ལྡན་ཞིག་ཡིན། ངས་ཁོ་ལ་ངོ་བསྟོད་བརྒྱབ་པ་ཙམ་གཏན་ནས་མིན། ཁོས་ལོ་འདི་འགར་གཞུང་མཚན་ཉིད་ལ་སྦྱངས་པ་སྔོན་དུ་སོང་སྟེ་ངེས་ཅན་གྱི་ཕར་ཕྱིན་དང་དབུ་མ། མཛོད་སོགས་ནང་བསྟན་གྱི་ཡིག་ཆ་གལ་ཆེན་དག་ལ་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་ཐོས་པ་ངོམས་མེད་བགྱིས་པ་དང་མཉམ་དུ། བོད་མཙན་པོའི་ལོ་རྒྱུས་ཞིབ་འཇུག་གི་ཐད་ནས་ཀྱང་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་ཀུན་གྱིས་མིག་མཐོང་ལག་ཟིན་ཡིན། དེས་མི་ཚད་ཁོས་ན་མཉམ་གྲོགས་པོ་ཚོ་དང་མཉམ་དུ་ཆོས་གཞུང་གི་ཐ་སྙད་དོགས་གནད་འགའ་རེར་ལན་བཏབ་ན་ཡང་མཚན་མཚོན་གོ་དོན་དང་བཅས་པ་བཞག་སྟེ་འཐད་ལྡན་གྱི་འགྲེལ་ཆ་ཚང་གནས་ལུགས་དང་ལྡན་པ་བཤད་ཤེས་པས་བླུན་པོ་ངོ་མཚར་སྐྱེད་པའི་གཏམ་ལྟ་བུ་མིན་པར་མཁས་པ་མགུ་བའི་གཏམ་ཤ་སྟག་ཏུ་སྣང་པས་ང་ཚོ་དང་མི་འདྲ། ངོ་མ་ཡ་མཚན་ཡིན་ཟེར། ཁོས་སྙན་ངག་དང་སྒྲུང་གཏམ། དཔྱད་རྩོམ་སོགས་བྲིས་ནའང་ཚིག་གི་བརྗོད་པ་ལེགས་ཤིང་སྒྲུབ་བྱེད་ཁུངས་ལུང་ལྡནཔས་བྲིས་པ་བཟང ”ཞེས་གནད་འགག་གི་ཚིག་འགའ་དྲངས་ནས་གངས་འཚོའི་ཡོན་ཏན་ལ་གདེང་འཇོག་མཐོན་པོ་གནང་པ་དེས་ང་ཚོ་བསམ་གཞིག་གི་ཀློང་ལ་དྲངས་སོང་། གཞུང་རྒྱུད་དྲང་པོའི་རྩོམ་པ་པོ་གྲགས་ཅན་ཞིག་གིས་འདི་ལྟར་ཕྲག་དོག་དང་སྐྱོན་རྟོག་གི་བསམ་ངན་ཅི་ཡང་མེད་པར་བཅོས་མ་མིན་པའི་ཀུན་སློང་གཙང་མས་གཟུར་གནས་དྲང་བདེན་གྱི་སྒོ་ནས་ཁོ་ལ་གདེང་འཇོག་བྱས་པ་ཐོས་པས། གསར་འགོད་པས་གལ་བོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་གྱི་ཚུལ་དུ་ཁོ་ལ་ཡང་བསྐྱར་ཁྲོད་ཀྱིས་མི་ཚེ་ཐོས་པར་ཇི་ལྟར་གཞོལ་ཚུལ་དང་རིག་གཞུང་ཞིབ་འཇུག་ཇི་ལྟར་བྱས་ཚུལ་གྱི་སྐོར་ནས་ཉིད་ཀྱི་ལོ་རྒྱུས་རགས་ཙམ་བརྗོད་རོགས་ཞེས་ནན་བསྐུལ་བྱས་མཐར། ཁོས་ང་ཚོའི་བསྐུལ་ངོ་མ་བཟློག་ཙམ་དུ་རང་གི་གནས་ཚུལ་མདོར་བསྡུས་ཁ་བརྡའི་ཚུལ་དུ་འདི་ལྟར་གླེང་བྱུང་། ཕྲན་ཆུང་ང་ནི་གཅིག་དགུ་དོན་གཅིག་ལོར་མཚོ་སྔོན་ཞིང་ཆེན་ཀོས་ནན་དྟཛོང་གི་ཁོངས་སུ་གཏོགས་པའི་རུ་མང་ཞེས་འབོད་པའི་འབྲོག་སྡེ་ཞིག་ནས་སྐྱེས་པ་ཡིན། བདག་གི་སློབ་སྦྱོང་གི་མི་ཚེ་བརྒྱུད་རིམ་ལ་ཞིབ་ལྟ་བྱས་ན། སློབ་གཉེར་བྱེད་པར་ཕྱིའི་རྒྱུ་ཚོགས་ཧ་ལམ་མ་ཚང་བ་མེད་དེ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་མགོ་སྟོད་ཙམ་ལ་ང་རང་སློབ་་གྲྭར་ཞུགས་པ་ཡིན། དེ་དུས་དྲག་ཆར་རླུང་འཚུབ་ལྡང་བ་ལྟ་བུའི་ཇང་ཇིང་གི་ལོ་ཟླ་ཞིག་ཕར་བསྐྱར་ནས་དུས་ཡུན་རིང་པོ་ཞིག་འགོར་མེད་པས། ང་ཚོའི་འབྲོག་ཁུལ་ལ་མཚོན་ན་སློབ་གསོའི་མཁའ་དབུགས་ལེགས་པོ་ཞིག་ཆགས་མེད་མོད། ང་ལ་ཨ་ཁུ་ཞིག་ཡོད། ཁོང་ནི་རིག་པའི་གནས་ལྔ་ལ་མཁས་ཤིང་མཐོང་རྒྱ་ཧ་ཅང་ཆེ་བར་མ་ཟད། སྡེ་མི་ཐམས་ཅད་ཀྱིས་བརྩི་མཐོང་ཆེན་པོ་བྱེད་པ་ཞིག་ཡིན། ཁོང་གི་དགོངས་དོན་ལྟར་ང་ཚོའི་སྡེ་བར་སློབ་གྲྭ་ཐོག་མ་བྱུང་ལ། བྱིས་པ་རྣམས་སློབ་གྲྭར་ཞུགས་ཚད་ཀྱང་ཞུགས་ཚད་ཀྱང་ཉེ་འཁོར་གྱི་འབྲོག་སྡེ་གཞན་དང་བསྡུར་ན་རྩེ་གྲས་སུ་ཚད་ཡོད། ཕ་མ་གཉིས་ཀས་ཁྱིམ་ཚང་གི་དཀའ་ངལ་ལ་མ་མཛེམས་པར་ང་རང་སྡེ་བའི་སློབ་ཆུང་ལ་མངགས་པ་ཡིན། ང་སློབ་ཆུང་དང་དམའ་འབྲིང་སྐབས་གང་ཡིན་ཡང་རྩེད་རྒོད་རྣམ་གཡེང་འབའ་ཞིག་ལ་དགའ་བའི་བྱིས་པ་ཡིན་ལ། ལོ་རེའི་སློབ་མཇུག་གི་རྒྱུགས་སྐར་འགྲན་སྡུར་ནང་ནམ་ཡང་བཟང་བའི་གྲས་སུ་ཚུད་མི་ཐུབ།

ངས་ཡིག་ངོ་ཤེས་པ་ནས་བཟུང་། གླིང་སྒྲུང་དང་གཏམ་རྒྱུད། དུས་དེབ་ཁག་ཀློག་པར་སྤྲོ་བ་ཆེ། དེའི་ཤུགས་རྐྱེན་ཞིག་ཡིན་ཤས་ཆེ་སྟེ། ངས་དམའ་འབྲིང་གི་སྐབས་ནས་བཟུང་ཉིན་ཐོ་ཇི་བཞིན་རྩོམ་ཡིག་འདྲ་མིན་མང་ཞིག་བྲིས་མྱོང་། དེ་བས་ད་གཟོད་སྐད་ཡིག་ད་རྩོམ་རིག་གཉིས་ཀྱི་ཆ་ནས་འཛིན་གྲྭའི་ནང་གི་སློབ་མ་ལེགས་གྲས་ཡིན་ཞེས་བཤད་ཆོག དྲང་མོར་བཤད་ན། ང་རང་ཉིད་བོད་ཀྱི་རིག་གནས་ལ་དགའ་བ་ནི་དགེ་བའི་བཤེས་གཉེན་དག་ལ་རག་ལས་ཡོད། དབྱར་གནང་དགུན་གནང་གི་སྐབས་སུ་དགེ་བའི་བཤེས་གཉེན་གྱི་མདུན་དུ་བློ་གསལ་འཇུག་ངོགས་དང་བློ་གསལ་དགའ་སྟོན་སོགས་སུམ་རྟགས་སྐོར་གྱི་མཛུབ་ཁྲིད་ཞིབ་མོ་ཐོབ་པ་མ་ཟད། སྙན་ངག་མེ་ལོང་མ་ལ་ཐོག་མའི་བག་ཆགས་བཞག དེའི་རྗེས་སུ་དམའ་རིམ་སློབ་འབྲིང་དུ་ཞུགས་སྐབས་ཡང་དགེ་བའི་བཤེས་གཉེན་གྱི་མདུན་དུ་ཚངས་སྲས་བཞད་སྒྲའི་དཔེ་ཁྲིད་ལ་ཉན་པའི་སྐལ་བ་བྱུང་པ་དང་། དཔེར་བརྗོད་ཀྱང་ཆ་ཚང་བཞག་པས་རྩོམ་རིག་ལ་ཡར་སྐྱེད་གང་འཚམ་བྱུང་། མཐོ་འབྲིང་གི་སྐབས་ཤིག་ལ་བདག་ལ་དྲན་ཚུལ་གློ་བུར་བ་ཞིག་བྱུང་བ་ནི། སློབ་གྲྭ་ལས་ཕྱིར་བུད་དེ། རང་ངོས་ནས་དགེ་རྒན་བསྟེན་ཏེ་བོད་རང་གི་རིག་གཞུང་ལ་སློབ་གཉེར་གོ་རིམ་ཅན་ཞིག་བྱས་ན་སྙམ་བྱུང་། མཐའ་མཇུག་རང་གིས་ཐག་བཅད་དེ་ཕྱིར་ཕ་ཡུལ་དུ་ལོག་པ་ཡིན། དེ་དུས་ཡུལ་གྱི་ཕ་མ་དང་ཉེ་དུ་གྲོགས་པོ་དག་གིས་བདག་གི་དྲན་ཚུལ་དེ་ལ་ཡ་མཚན་གྱི་འདུ་ཤེས་བཟུང་བར་མ་ཟད། ཐ་ན་བཀའ་བཀྱོན་དང་ལེ་བདའ་བྱེད་མཁན་ཡང་བྱུང་བས། སྐབས་སྐབས་སུ་སེམས་སྡུག་དང་ཁེར་རྐྱང་གི་སྣང་པ་ཞིག་འགོག་མེད་དུ་འཁོར་ཡོང་།

ལོ་ཉི་ཤུར་བུད་རྗེས་མུ་མཐུད་དུ་སློབ་གཉེར་གྱི་བྱ་བ་ཆེས་གཙོ་བོ་ཞིག་ཏུ་བརྩིས་ནས་། སློབ་གྲྭ་ཆེན་མོའི་སྤྲགས་ཁྲིད་སྡེ་ཁག་ནང་ཞུགས་ནས་ཐ་སྙད་རིག་གནས་ཁག་ལ་སློབ་སྦྱོང་བྱས་པ་དང་། ཁྱད་པར་དུ་གཅིག་དགུ་གོ་གཅིག་ལོ་ནས་བཟུང་། དགོན་སྡེ་ཁག་ཏུ་སོང་ནས་སློབ་གཉེར་གྱི་མགོ་བརྩམས་པ་ཡིན། ཐོག་མར་དགེ་རྒན་གྱི་མདུན་ནས་བློ་གསལ་རིགས་སྒོའི་དཔེ་ཁྲིད་ཐེངས་གཅིག་ཐོབ་པ་དེས་ནང་བསྟན་གྱི་གཞུང་ལ་སྤྲོ་བ་ཤུགས་ཆེན་པོ་ཞིག་སྐྱེས་སུ་བཅུག དུས་དེ་ནས་བཟུང་། དུས་ཡུན་ལོ་ངོ་བཅུ་ཙམ་གྱི་རིང་ལ་ཡང་དགེ་བའི་བཤེས་གཉེན་གྱི་མདུན་ནས་ཚད་མ་དང་ཕར་ཕྱིན། དབུ་མ་དང་མཛོད། སྔགས་ཀྱི་སྤྱི་དོན་སོགས་ནང་པའི་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་ཁུལ་གྱིས་བག་ཆགས་རེ་འཇོག་ཅི་ཐུབ་བྱས་ཞེས་བཤད་བྱུང་།

དེ་ནས་གསར་འགོད་པས་ཁོའི་སྐད་ཆར་ཉན་པའི་བར་ནས་ཁྱོད་ལ་ད་ལྟ་བརྩམས་ཆོས་གྲུབ་འབྲས་གང་དག་ཡོད་ཅེས་རྟིང་གནོན་གྱི་ཚུད་དུ་དྲིས་པ་ན། ཁོས་བཤད་རྒྱུར། ངས་སྤྱི་ཚོགས་སུ་ལེགས་སྐྱེས་སུ་ཕུལ་བའི་བརྩམས་ཆོས་ནི་རྒྱུ་སྤུས་ཀྱི་ཆ་ནས་འདྲ་མིན་སྣ་ཚོགས་ཡོད་མོད་སོ་སོར་གླེང་ན་འདི་དག་ཡོད་དེ། གཅིག་དགུ་གོ་བདུན་ལོར་སྙན་དེབ་ཐོག་མ«ཁ་བཏགས་ལྟ་བུའི་དབྱངས་ཅན་མ»ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་སྤྱི་ཚོགས་སྟེང་བཀྲམ་པ་ཡིན།  ལོ་སྔ་ཕྱི་དེ་དག་ལ་ད་དུང་ངའི་སྙན་ངག་ཉིས་བརྒྱར་ཉེ་བ་ཙམ་ཞིག་བོད་ཀྱི་རྩོམ་རིག་གི་དུས་དེབ་ཆ་གྲས་ཀྱི་སྟེང་དུ་བཀོད་ཟེར།

གཞན་ད་དུང་གནའ་བོའི་ཡིག་ཚང་ཁ་ཤས་བསྡུར་ན«་ཁྲི་བཙན་པོའི་མཚན་གྱི་གོ་དོན་ལ་དབྱེ་ཞིབ་བྱས་པ »དང« རྒྱལ་བོ་གྲི་གུམ་མཙན་པོའི་ལོ་རྒྱུས་ཀྱི་གནད་དོན་འགའ་ལ་དཔྱད་པ» སོགས་ཡང«ཀྲུང་གོའི་བོད་རིག་པ »ཞེས་པའི་དུས་དེབ་སྟེང་བཀོད་ཡོད། «བཙན་པོ་སྤུ་དེ་གུང་རྒྱལ་དང་བློན་པོ་རུ་ལས་སྐྱེས་གཉིས་ལ་འབྲེལ་བའི་ལོ་རྒྱུས་དོན་ཚན་འགའི་དོགས་དཔྱོད »ཅེས་པ་ད«ཀྲུང་གོའི་བོད་རིག་པ» སྟེང་དུ་བཀོད་ཡོད། «ཏུན་ཧོང་ཡིག་རྙིང་ནང་གི་རྒྱལ་པོ་དགོང་དམར་ཀྱི་རིགས་ཞེས་པར་དཔྱད་པ »དེ «མང་ཚོགས་སྒྱུ་རྩལ» སྟེང་དུ་བཀོད་ཡོད། «ཞང་ཞུང་ཞེས་པའི་མིང་གི་འཇུག་ཡུལ་ལ་དཔྱད་པ »དེ་«བོད་ལྗོངས་ཞིབ་འཇུག »ཅེས་པའི་དུས་དེབ་སྟེང་བཀོད་ཡོད། «བོད་རྗེ་གཉའ་ཁྲི་བཙན་པོའི་ཡབ་མེས་ལ་དཔྱད་པ »དེ བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ སྟེང་དུ་བཀོད་ཡོད། «འཇང་ཚ་ལྷ་དབོན་གྱི་ལོ་རྒྱུས་འགའ་ཞིག་ལ་དཔྱད་པ »དེ བོད་ལྗོངས་ཞིབ་འཇུག་སྟེང་དུ་བཀོད་ཡོད། «འབལ་ལང་གཉིས་ཀྱིས་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་སྐུ་བཀྲོངས་པའི་དམིགས་ཡུལ་གང་ཡིན་ནམ»ཞེས་པ་སོགས་ཀྱང «བོད་ལྗོངས་ཞིབ་འཇུག »སྟེང་དུ་བཀོད་ཡོད།« ལོ་ཆེན་བེེ་རོ་ཙ་ན་ལི་ཡུལ་དུ་ཕེབས་པའི་ལོ་རྒྱུས་སྐོར་ཅུང་ཟད་གླེང་བ »དེ ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་སྟེང་དུ་བཀོད་ཡོད། ད་དུང «གཉའ་ཁྲི་བཙན་པོའི་ལོ་རྒྱུས་ལས་འཕྲོས་པའི་གཏམ »ཞེས་པ་དང“ ཁོར་ཡུག་སྲུང་སྐྱོབ་སྐོར་གླེང་བ ”དང“ སྙན་ངག་གསར་བའི་ལྟ་ཚུལ་རེ་གཉིས” ཞེས་པ་བཅས «སྦྲང་ཆར »དུས་དེབ་སྟེང་དུ་བཀོད་ཡོད། དེ་མིག་གཞན་ཡང་ཁོས «བོད་ཀྱི་སློབ་གསོ »ཡི་སྟེང་དུ་སྔ་ཕྱིར« ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱི་ཁྲིམས་ཡིག་ལས་ཞལ་ལྕེ་བཅོ་ལྔའི་སྐོར་གླེང་བ »དང« དབང་མཛད་བཅུ་གཉིས་སྐབས་ཀྱི་རིག་གནས་སྐོར་གླེང་བ» ཞེས་པ་སོགས་དཔྱད་རྩོམ་རིན་ཐང་ཅན་མང་པོ་བཀོད་མྱོང་པས། བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ཞིབ་འཇུག་གི་ཐད་ནས་གྲུབ་འབྲས་ཁྱད་འཕགས་བླངས་ཡོད་པ་མངོན་སུམ་དུ་མཐོང་བྱུང་།

ཡིན་ན་ཡང་ཉིན་དེར་གསར་འགོད་པ་དང་མཉམ་དུ་བསྡད་ནས་རིག་གཞུང་ཞིབ་འཇུག་ཐད་ཀྱི་གྲུབ་འབྲས་གླེང་མོལ་བྱེད་སྐབས། ཁོས་བཞག་པའི་ཐོག་མའི་བག་ཆགས་ནི་ཀུན་སྤྱོད་མཛེས་ཤིང་ངང་རྒྱུད་འཇམ་ལ། བླངས་པའི་གྲུབ་འབྲས་ལ་ང་རྒྱལ་ཅི་ཡང་མེད་པར་ཁེངས་སྐྱུང་ཞི་དུལ་ཞིག་ཡིན་པའི་ཚོར་སྣང་ཞིག་བྱིན་པ་རེད། གོང་གི་གཟེངས་སུ་ཐོན་པའི་གྲུབ་འབྲས་དེ་དག་ལས་གཞན་ཁོས་ད་རུང་རིག་གཞུང་ཞིབ་འཇུག་སྐོར་གྱི་དཔེ་དེབ« ཆོ་ལོ་མིག་དགུ »ཞེས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་དང «བདུད་ཤུལ་ཀླུ་ཚང་གི་ལོ་རྒྱུས་ཉིན་ཁུག་རྒན་པོའི་གཏམ་རིང» སོགས་བརྩམས་ནས་པར་དུ་བསྐྲུན་ཡོད་པ་དང། མི་འགྱངས་པར་ཁོས་ལོ་རྒྱུས་ཞིབ་འཇུག་གི་དཔེ་དེབ «དཀར་ནག་འཐབ་མོ---སྤུ་རྒྱལ་བཙན་པོའི་ལོ་རྒྱུས་ལ་དཔྱད་པ »ཞེས་པ་པར་སྐྲུན་བྱེད་རྩིས་ཀྱི་འཆར་གཞི་བཀོད་ཡོད་པ་ཡང་ཁ་བརྡའི་བར་ནས་གསལ་བོར་རྟོགས་ཤིང་རྒྱུས་ལོན་བྱུང་།

མཇུག་མཐར་ཁོས་གསར་འགོད་པ་དང་བསྡོངས་ནས་བཅར་འདྲིའི་་ལས་འགན་མཐའ་དག་ཁེངས་སྐྱུང་གཟབ་ནན་གྱི་སྒོ་ནས་ཡོངས་སུ་རྫོགས་པར་རམ་འདེགས་བྱས་འགྲུབ་ཚར་རྗེས། གསར་འགོད་པས་རྗེས་ཕྱོགས་ཁྱེད་རང་ལ་རིག་གཞུང་ཞིབ་འཇུག་གི་བྱ་གཞག་ཆེན་པོ་སྒྲུབ་པའི་ཐད་ནས་སེམས་ལ་བརྟན་པོར་བཅངས་པའི་འཆར་གཞི་དང་ཕུགས་འདུན་ག་འདྲ་ཡོད་ཅས་དྲིས་པ་ན། ཁོས་ལོབས་ཕྱོགས་ལྟར་ལག་པ་གཡས་པ་དེས་རང་གི་མགོ་ལ་འཕྲུག་འཕྲུག་ཅིག་བྱེད་བཞིན་གཅོམ་སྐྱུང་གིས་དལ་བུར་བཤད་དོན། ངས་ཁ་སང་དེ་རིང་མུ་མཐུད་དེ་བོད་སིལ་བུའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་བཞིན་ཡོད། «ལྷ་ལུང་དཔལ་རྡོར་གྱི་ལོ་རྒྱུས་འགའ་ཞིག་གླེང་བ »ཉེ་སྔོན་བྲིས་ཚར་ཏེ མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་དེབ སྟེང་དུ་བཀོད། རིག་གཞུང་ཞིབ་འཇུག་གི་བྱ་གཞག་འདི་མུ་ནས་མུ་རུ་བསྐྱང་བའི་ཆོད་སེམས་དང་རྦད་སེམས་རང་གི་ཤ་ཁྲག་སྒྱུ་མའི་ལུས་འདི་མ་འཇིག་གི་བར་དུ་ཡེ་ནས་ཉམས་པ་མེད་ཅེས་བཤད་ཞོར། ངོ་མ་བཤད་ན། ང་རང་ཉིད་འདི་ལྟར་རྨང་རྡོ་མེད་པར་ཁང་ཆེན་བཞེངས་པ་ལྟ་བུའི་རིག་གཞུང་ཞིབ་འཇུག་གི་ལས་ལ་ཞུགས་ནས་ལོ་ངོ་ཧ་ལམ་ཉི་ཤུ་ལྷག་འགོར་སོང་། ང་རང་ལ་མཚོན་ན། བོད་ཀྱི་གནའ་བོའི་ལོ་རྒྱུས་དང་ཁྱད་པར་དུ་སྤུ་རྒྱལ་བཙན་པོའི་རྒྱལ་རབས་ལ་ཞིབ་འཇུག་བྱེད་པ་ནི་ཆེས་སྤྲོ་བ་སྟེང་བའི་ལས་ཀ་ཞིག་ཡིན་པས། ངས་བསམས་ན་འདི་ལ་རྒྱུ་རྐྱེན་གསུམ་ཡོད་དེ། གཅིག གནའ་རབས་ནི་ཆོས་ལུགས་རིག་གནས་སྣ་ཚོགས་སྐྱ་འཐབ་པའི་དུས་སྐབས་ཤིག་དང་གནའ་མི་རྣམས་དེ་ལྟ་བུའི་བསམ་བློའི་རིག་གནས་ཀྱི་ཁོར་ཡུག་ཅིག་ན་དྭངས་གཙང་གི་ངང་ནས་འཚོ་གནས་བྱས་ཡོད་པས་ཡིན། གཉིས། གནའ་སྒྲུང་དང་རིག་རྗས། ངག་རྒྱུན་དང་རིག་ཚང་སོགས་ཀྱི་ཞིང་ཁམས་ཉུལ་ནས་གསར་བའི་སྒོ་གླེགས་རེ་རེ་འབྱེད་ཐུབ་ཚེ། སྔ་ན་མེད་པའི་ལྟད་མོ་ངོ་མཚར་ཅན་གང་མང་ལ་མཇལ་ཐུབ་པས་ཡིན། གསུམ། རྒྱལ་རབས་ཤིག་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་དར་རྒྱས་ཀྱི་རྩེ་མོར་སོན་པའི་བརྒྱུད་རིམ་འོད་སྟོང་ལྡན་པ་ཞིག་ཡོད་པས་ཡིན་ཟེར། རྒྱུ་རྐྱེན་འདི་གསུམ་ནི་ཁོ་ལ་མཚོན་ན། དཔྱང་རྡོ་ཞིག་དང་འདྲ་བར་ཕུགས་བསམ་གྱི་རྒྱ་མཚོ་དེའི་གཏིང་དུ་འཛུལ་ནས་ནམ་ཡང་བོར་བརླག་མེད་པར་ཉར་ཡོད། རིག་གཞུང་དོན་གཉེར་གྱི་རྗེས་རབས་པ་མང་པོ་ལ་ཕན་ཐོགས་ཕྱིར་གེགས་རྐྱེན་བར་ཆད་མེད་པར་ཞིབ་འཇུག་གི་གཏེར་ཁ་སྔོག་འདོན་གྱི་ལས་ཀ་འདི་ཉིད་ལེགས་པར་རྒྱུན་འཁྱོངས་བྱས་ཏེ་ཁོས་ཞིབ་འཇུག་གི་གྲུབ་འབྲས་སྔར་ལས་མང་བ་ཞིག་ལེན་ཐུབ་པར་སྨོན།

རྩོམ་སྒྲིག་པ།  བསོད་ནམས་ལྷ་མོ།