སྐར་མ་མཆོག་ནི་མང་ཚོགས་དང་སེམས་པ་མཐུན་པའི་ལས་བྱེད་པ་བཟང་པོ་ཞིག་ཡིན།
2016.05.31 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 29

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་སྡི་མདའ་ཞང་པཎ་ཆེན་སྡེ་བ་ལ་མཚོན་ན། དེང་སྐབས་སྒོར་འགྲོ་ན་འཕྲུལ་རྟ་དང་སྐྱེལ་འདྲེན་ཐད་རླངས་འཁོར། འཕྲིན་གཏོང་ཐད་ཁ་པར། སྨན་པར་སྟོན་པར་སྨན་རིན་རྩིས་ཞུ། སློབ་གྲྭ་འགྲིམས་ན་སློབ་གྲྭ་ཡོད་པ། ཕྱུག་བསྒྱུར་རྩ་འཛུགས་ལ་བརྟེན་པ་བཅས་ཡོད་པའི་དུས་རབས་གསར་བ་ཞིག་ཏུ་བསྐྱོད་བཞིན་ཡོད། སྡེ་བ་དེ་ནི་རྩྭ་ཐང་གི་རྒྱང་རིང་ཀུན་ལ་མིང་གྲགས་ཡོད་པའི་འབྱོར་ཕྱུག་གི་སྡེ་བ་དང་དཔལ་ཡོན་ལྡན་པའི་སྡེ་བ་ཞིག་རེད། དེ་དག་ཐམས་ཐད་ཏང་གི་སྲིད་ཇུས་བཟང་པོ་དང་འབྲལ་ཐབས་མེད་ལ། མང་ཚོགས་དང་སེམས་པ་མཐུན་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྟེ་འབྱོར་ཕྱུག་གི་སྣེ་ཁྲིད་པ་སྐར་མ་མཆོག་ལའང་འབྲལ་ཐབས་མེད། ཡུན་རིང་དུ་འབད་བརྩོན་ལྷོད་མེད་བྱས་ཤིང་དཀའ་སྡུག་ཁྱད་གསོད་བྱས་པས། སྐར་མ་མཆོག2009ལོར་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་དང་། 2010ལོར་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་ལ་བདམས།

ཡིན་ནའང་། ལོ་ངོ་སུམ་ཅུ་ཡི་ཡར་སྔོན་གྱི་པཎ་ཆེན་སྡེ་བ་ནི་རྒྱང་རིང་ཀུན་ལ་གྲགས་པའི་དབུལ་ཕོངས་སྡེ་བ་ཞིག་ཡིན། མཐའ་འཁོབ་ཏུ་གནས་པས་འགྲིམ་འགྲུལ་སྟབས་མི་བདེ་ཞིང་ཆ་འཕྲིན་གོ་དཀའ་བ། འབྲོག་པ་མང་ཚོགས་ཀྱིས་ཉི་མ་ཤར་ན་ལས་ལ་བྲེལ་བ་དང་ཉི་མ་ནུབ་ན་ངལ་གསོ་བའི་འཚོ་བ་རོལ་བཞིན་ཡོད།

འགྱུར་ལྡོག་འདི་ཡོད་ཚད་ནི1994ལོར་སྐར་མ་མཆོག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལ་བསྐོས་པ་ནས་མགོ་བརྩམས་པ་ཡིན། ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་པ་ནས་བཟུང་། ཁོས་པཎ་ཆེན་སྡེ་བའི་དབུལ་ཕོངས་ཀྱི་རྣམ་པ་དེ་བསྒྱུར་རྒྱུའི་སེམས་ཐག་བཅད། སྐར་མ་མཆོག་གིས་བཤད་རྒྱུར། ཆུང་དུས་ནས་གནས་འདིར་འཚོ་བ་རོལ་པའི་རྐྱེན་གྱིས་སྡེ་བ་འདིའི་གནས་ཚུལ་ལ་གསལ་ཆ་ཡོད། ང་ཚོ་སྡེ་བའི་མང་ཚོགས་སྐྱེལ་འདྲེན་ལས་རིགས་ལ་བརྩོན་སེམས་ཅུང་ཆེ་བའི་དོན་དངོས་ལ་གཞིགས་ནས་མང་ཚོགས་རྩ་འཛུགས་བྱས་ཏེ་སྔར་ཡོད་ཀྱི་སྐྱེལ་འདྲེན་རུ་ཁག་གི་རྨང་གཞིའི་སྟེང་མ་དངུལ་བསྡུས་ཏེ་ཞིང་ཕྱུགས་ལས་རིགས་ཀྱི་ཞིང་ལས་འཕྲུལ་ཆས་ཐོན་སྐྱེད་མཉམ་ལས་ཁང་བཙུགས་པ་ཡིན། སྔོན་གྱི་སྐྱེལ་འདྲེན་རུ་ཁག་གི་གཞི་ཁྱོན་ཆེ་རུ་བཏང་བར་མ་ཟད། སྡེ་བ་ཡོངས་ཀྱི་མང་ཚོགས་རྣམས་ཕྱུག་བསྒྱུར་གྱི་ལམ་དུ་ཁྲིད།

སྐར་མ་མཆོག་གིས་གསལ་བོར་ཤེས་པ་ནི། ཕྱུགས་ལས་གཉེར་བ་དང་ཞིང་ལས་ཉུང་ཙམ་ལ་བརྟེན་ན་དབུལ་ཕོངས་རྩ་བ་ནས་བསྒྱུར་མི་ཐུབ་པ་དང་། དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པ་རྩ་བ་ནས་བསྒྱུར་དགོས་ན། ངེས་པར་བསམ་བློའི་འབྱུང་རྩ་བསྒྱུར་བཅོས་བྱེད་ས་འཚོལ་དགོས། བསམ་བློ་ཡང་ཡང་བཏང་རྗེས། ཏང་ཀྲི་པུའུ་ཚན་ཁག་དེ་སྒོ་ཕྱིར་སོང་ནས་ས་གནས་གཞན་གྱི་ཕྱུག་བསྒྱུར་ཉམས་མྱོང་སློབ་སྦྱོང་བྱས་ཏེ། རང་ཡུལ་གྱི་ནགས་ལས་ལས་རིགས་ལ་བརྟེན་ནས་ནགས་ལས་དཔལ་འབྱོར་གྱི་གོམ་པ་དང་པོ་སྤོ་བར་ཚོད་ལྟ་བྱས་པས། འབྲོག་པའི་ཡོང་སྒོ་སྒོར་སྟོང་ཕྲག་ལ་འཕར།

རྨང་གཞི་དེའི་སྟེང་སྐར་མ་མཆོག་གི་སྣེ་ཁྲིད་འོག་ཏུ་ཏང་ཀྲི་པུའུ་ཡིས་ཚོང་གཉེར་སློབ་པ་དང་སྐྱེལ་འདྲེན་སྒྲུབ་པ། ཀྲུང་བོད་སྨན་རྫས་འདེབས་པ་སོགས་བྱས་ཤིང་ཐབས་ལམ་མང་པོ་ནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་།
སྐར་མ་མཆོག་གིས་བློ་བརྟན་འགྱུར་མེད་སྒོས་བཤད་རྒྱུར། མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་དགོས་ན། ཐོག་མར་མི་རིགས་མཐུན་སྒྲིལ་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས། མཐུན་སྒྲིལ་བྱས་ན་ད་གཟོད་དོན་ཆེན་བསྒྲུབ་ཐུབ་ཟེར།

ལོ་རེའི་ཟླ་བརྒྱད་པའི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ཟླ་བའི་བྱ་འགུལ་སྤེལ་སྐབས། སྐར་མ་མཆོག་གིས་རྒྱུན་ལྡན་རང་བཞིན་གྱི་སློབ་གསོ་དང་གཅིག་བསྡུས་སློབ་གསོ་གཅིག་ཏུ་སྦྲེལ་བ་རྒྱུན་འཁྱོངས་བྱས་ཏེ། བྱ་འགུལ་ནི་ཐེག་བྱད་དང་ཧུར་ཐག་གིས་ལོ་རེ་རེར་ནང་དོན་གསར་བ་དང་ཐབས་ལམ་གསར་པ། ཕན་ནུས་གསར་པ་བསྐྲུན་པར་བརྩོན་ལེན་བྱས། འཕྲེད་ཡིག་དང་བརྒྱུད་སྒྲོག་སྦྱར་ཡིག སྒོ་སམ་སོགས་ཀྱི་དྲིལ་སྒྲོག་ཡོ་བྱད་བཀོལ་ཏེ་ཕྱོགས་ཡོངས་ནས་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་བྱས། རྣམ་པ་མི་འདྲ་བའི་དྲིལ་སྒྲོག་བྱས་པ་བརྒྱུད་ནས་རང་སྡེ་བའི་མང་ཚོགས་དང་མཐའ་འཁོར་མང་ཚོགས་ལ་རང་རྟོགས་དང་རང་རྟོགས་མ་ཡིན་པའི་ཁྲོད་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ཐེབས་བཞིན་ཡོད་ལ། རང་སྡེ་བའི་མི་རིགས་མཐུན་སྒྲིལ་གྱི་བྱ་བར་རྨང་གཞི་ལེགས་པོ་ཞིག་བསྐྲུན་ཡོད།

སྤྱི་ཚོགས་ཀྱི་ཁོར་ཡུག་ཅུང་ལེགས་པོ་ཞིག་མེད་ན་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་མེད་པ་དང་། ཏང་གི་དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་འབེབ་དཀའ་བ་རེད། དེའི་རྐྱེན་གྱིས་སྐར་མ་མཆོག་དང་ཏང་ཀྲི་པུའུ་ཚན་ཁག་གིས་པཎ་ཆེན་སྡེ་བ་རུ་ཕྱུགས་སྲུང་རུ་ཁག་དང་བདེ་སྲུང་ཚོགས་པ། མཉམ་སྲུང་རུ་ཁག འོས་འགན་མེ་གསོད་དང་མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་སོགས་རྩ་འཛུགས་བཙུགས་པ་དང་འཐུས་ཚང་དུ་བཏང་བར་མ་ཟད། ཏང་ཀྲི་པུའུ་ཡི་ཁོངས་མི་རེ་རེས་འགན་ཁུར་པ་དང་རྒྱུན་ལྡན་རང་བཞིན་གྱི་བྱ་བ་སྤེལ་ལ། མི་དམངས་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་ཇེ་མཐོར་གཏོང་ཆེད། ལོ་རེར་དུས་བཅད་ལྟར་ཁྲིམས་འཛིན་སྡེ་ཁག་གི་བོད་རྒྱ་སྐད་གཉིས་ལ་མཁས་པའི་བློ་མཐུན་གདན་དྲངས་ཏེ། ཏང་ཡོན་དང་མང་ཚོགས་ལ་ཁྲིམས་ལུགས་ཀྱི་ཤེས་བྱ་ཁྲིད་པ་དང་། ཏང་ཀྲི་པུའུ་ཡིས་སྡེ་བ་རིམ་པའི་བྱ་འགུལ་སྤེལ་གནས་དང་གློག་སྤྱད་སྒྲིག་ཆས་གང་ལེགས་སུ་སྤྱད་ནས་འབྲོག་པ་མང་ཚོགས་ལ་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས། ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་པའི་དུས་མཚུངས་སུ། བོད་ཡིག་གི་ལམ་ནས་ཁྲིམས་ལུགས་ཤེས་བྱ་དྲིལ་སྒྲོག་བྱས་པས། མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་མངོན་གསལ་གྱིས་མཐོར་འདེགས་བྱུང་ལ། ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག་ཏུ། ཉེ་བའི་ལོ་འདི་འགའི་རིང་ལ། སྡེ་བའི་ནང་བདེ་སྲུང་དང་ཉེས་དོན་གྱོད་གཞི། མང་ཚོགས་རང་བཞིན་གྱི་དོན་རྐྱེན་ཞིག་གཏན་ནས་བྱུང་མ་མྱོང་།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།