ཀོས་ནན་རྫོང་མགོ་མང་གྲོང་རྡལ་གྱི་འབྲོག་པ་ཁེ་ལས་པ་འདེབ་བུ།
2016.06.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 57

འབྲོག་པ་ཁེ་ལས་པ་འདེབ་བུ་ལ་ཐོག་དང་པོར་ཐུག་དུས། གསར་འགོད་པས་ཁོ་ནི་ཀུང་སི་གཉིས་ཀྱི་སྤྱི་གཉེར་པ་ཞིག་ཡིན་པ་ཡིད་ལའང་མ་ཤར། ང་ཚོའི་སེམས་ཁོང་ལ་ཁེ་ལས་པའམ་ཀུང་སིའི་སྤྱི་གཉེར་པ་ཞིག་ཡིན་ཚེ་མཆན་ལ་ཀོ་ཁུག་བཙུར་ཞིང་། རླངས་འཁོར་རྩ་ཆེན་བསྐོར་ནས་འགྲོ་བ་ཞིག་ལོས་ཡིན་སྙམ་འོངས་མོད། ངའི་མདུན་གྱི་མི་དེ་ནི་དེ་ལས་ལྡོག་སྟེ་ནག་ཅིང་རིད་ལ་པིས་ཡ་ཏེས་རྟགས་ཅན་གྱི་རླངས་འཁོར་ཤིན་ཏུ་དཀྱུས་མ་ཞིག་བསྐོར་ནས་སླེབས་བྱུང་། ཡིན་ནའང་། གསར་འགོད་པས་འདེམ་བུ་ལ་བཅར་འདྲི་བྱས་པའི་གོ་རིམ་ཁྲོད་ཁོ་ནི་བཤད་ཕོད་སྒྲུབ་ཕོད་དང་། ཡ་ཡོ་འཁྱག་འཁྱོག་མེད་པའི་མི་གཞུང་དྲང་ཞིག་ཡིན་པའི་བག་ཆགས་སྟེར་བ་ཞིག་རེད། ཁོར་དྲི་བ་ཅི་དྲིས་ཀྱང་རིག་པ་ཤིན་ཏུ་སྐྱེན་པོ་ཞིག་པའི་ཁར། ད་དུང་གཏམ་ལ་མཁས་ཤིང་རྩེད་མཚར་ཅན་ཞིག་ཀྱང་རེད། གསར་འགོད་པས་འདེམ་བུ་ཞེས་པའི་མིང་དེ་འདྲ་ཞིག་ཐེངས་དང་པོར་ཐོས་པ་ཡིན་པས་མཚར་སྣང་དང་བཅས་རྒྱུ་མཚན་དྲིས་པར། ཁོས་དེ་ནི་ཁོ་རང་མི་དམངས་འཐུས་མི་འདེམ་པའི་ཉིན་མོར་བཙས་པ་ཡིན་པས་ཕ་མས་ཁོར་མིང་དེ་འདྲ་སྟབས་བདེ་ཞིག་བཏགས་པ་རེད་ཟེར། ད་ལྟ་བསམས་ན། དེ་ནི་ངོ་མ་དོན་ལ་གནས་པའི་མིང་ཞིག་སྟེ། ཁོ་ནི་ད་ལྟ་དངོས་གནས་རང་ཉིད་འཚར་སའི་འབྲོག་སྡེ་དེའི་ཕྱུག་སྒྱུར་གྱི་འཐུས་མི་ལྟ་བུར་གྱུར་འདག་ཅིང་། ཁོས་རང་གི་སྡེ་བ་འཚོ་བར་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་འདེགས་གང་ལེགས་བྱེད་ཀྱིན་ཡོད།

ལས་སྐྲུན་གྱི་ལམ་བུ་ཀྱག་ཀྱོག་ཆེ་ཡང་ཁོའི་མགོ་བོ་བསྒུར་མ་མྱོང་། འབྲོག་པ་ཁེ་ལས་པ་འདེབ་བུ་ནི་གཅིག་དགུ་རེ་གསུམ་ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མགོ་མང་གྲོང་རྡལ་སྨར་ཁམས་སྡེ་བར་སྐྱེས་ཤིང་། སློབ་ཆུང་ནས་མཐར་ཕྱིན་རྗེས་རང་ཡུལ་དུ་ཕྱུགས་འཚོ་བ་སོགས་འབྲོག་པའི་འཚོ་བ་རོལ། རྗེས་སུ་ན་ཚོད་དར་བ་དང་བསྟུན་ནས་ཁོའི་བསམ་པར་རྩྭ་ཐང་དུ་ཕྱུགས་འཚོ་བ་དེ་ནི་འཚོ་བ་རོལ་སྟངས་དེ་འདྲ་བཟང་པོ་མིན་པར་སྙམ་ཞིང་། དེ་ནས་ཁོས་ལས་ཀ་ཡར་མར་སྣ་ཚོགས་ལ་ཚོད་ལྟ་བྱས་ཀྱང་འབྲས་བུ་ལེགས་པོ་ཞིག་མ་ལོན། ཁོ་ལ་དམིགས་བསལ་གྱི་ཆ་རྐྱེན་ཞིག་ཡོད་པ་ནི། ཁོ་ཚང་ནི་བཟོ་པའི་ཁྱིམ་རྒྱུད་དུ་གཏོགས་ཤིང་། མི་རབས་ནས་མི་རབས་བར་བཟོ་པའི་རྒྱུད་མ་ཆད་པར་ཡོང་བ་ཡིན་ལ། ཁོའི་ཨ་མ་དང་ཨ་ཞང་གཉིས་ནི་ཡུལ་དེར་མིང་ཤིན་ཏུ་འབུར་བའི་བཟོ་པ་ལེགས་པོ་གཉིས་ཡིན། ཁོས་བཤད་རྒྱུར། ངེད་ཚང་ནི་བཟོ་པའི་རྒྱུད་པ་ཡིན་པ་དང་། པའི་ཨ་མ་དང་ཨ་ཞང་གཉིས་ཀྱིས་མགོ་ལོག་གི་ར་རྒྱ་དགོན་པ་དང་ཀོས་ནན་གྱི་གླུ་ཚང་དགོན་པ་སོགས་ལ་གདུགས་དང་རྒྱལ་མཚན་སོགས་བཟོས་མྱོང་། ཁོ་ཚོའི་བག་ཆགས་ཀྱི་དབང་གིས་ང་ཡང་ཆུང་དུས་སུ་བཟོ་བྱེད་པར་རྒྱུས་ཅུང་ཟད་ཡོད་པ་དང་།

ནར་སོན་རྗེས་ངང་ངམ་ཤུགས་ཀྱིས་ལས་དེར་དགའ་བ་ཟབ་མོ་སྐྱེས་ཤིང་བཟོ་ལས་བྱེད་པའི་ལས་ཀར་ཞུགས་པ་ཡིན། ཉིས་སྟོང་ལོར་སྔ་གཞུག་ཏུ་ཁོ་རང་རང་ཉིད་འཚར་སའི་འབྲོག་སྡེ་དང་རིང་དུ་བྲལ་ཏེ་མགོ་ལོག་དང་ཟི་ལིང་སོགས་སུ་ཕྱིན་ཞིང་། ཁོས་དང་ཐོག་བཟོ་ཁང་གཞན་དུ་གླ་བརྒྱབ་སྟེ་ཞོར་ལས་བཙལ་པ་དང་། དེ་ལྟར་ལོ་འགའ་ལ་འཚོ་བ་སོགས་ཕྱོགས་གང་ཅིའི་ཐད་ནས་དཀའ་སྤྱད་སྡུག་བཏགས་ཀྱིས་མ་རྩ་ཅུང་ཟད་བསགས། རིམ་བཞིན་ཁོའི་སེམས་སུ་གཞན་ལ་གླ་བྱེད་པ་དེ་ནི་མི་ཚེ་གང་གི་ལས་ཀ་ཞིག་མིན་པར་བསམས་ཏེ། ལོ་དུ་མའི་རིང་བསགས་པའི་མ་རྩ་རྣམས་ཕྱོགས་གཅིག་ཏུ་བསྒྲིལ་ཏེ་ཟི་ལིང་དུ་གངས་ཅན་པ་རྟགས་ཅན་གྱི་བོད་ལྭ་བཟོ་བའི་གུང་སི་ཞིག་གཉེར་མགོ་བརྩམས། ཡིན་ནའང་ལས་སྐྲུན་གྱི་ལམ་བུ་ནི་ཁོ་རང་གི་སེམས་ལ་དྲན་པ་བཞིན་ལས་སླ་མོ་ཞིག་གཏན་ནས་མ་ཡིན་པར་ཀྱག་ཀྱོག་དང་དཀའ་ཚེགས་ཀྱིས་ཁེངས་པ་ཞིག་སྟེ། ཁོའི་སེམས་པར་ལས་ཀ་གང་ཡང་ནན་ནན་ཏན་གྱིས་བསྒྲུབས་ཚེ་འབྲས་བུ་ཐོབ་པ་གདོན་མི་ཟ་སྙམ་མོད། དོན་དུ་དེ་ནི་རང་ཁོ་ནའི་བསམ་ཚུལ་རྩིང་རག་ཅིག་ལས་མ་འདས།

འདེམ་བུར་ཚོང་གཉེར་བའི་ཉམས་མྱོང་དང་ཤེས་བྱ་མེད་པས། ཉི་མ་རེ་རེ་ཕར་ནས་ཕར་ལ་འདས་ཀྱང་། བཟོ་ཁང་དུ་སྤུངས་པའི་བོད་ལྭ་དག་ཉོ་མཁན་མེད་པར་གྱུར། ཁོ་རང་ཅི་བྱ་གཏོལ་མེད་དུ་ལུས་དུས་གྲོགས་པོ་འགས་ཁོ་ལ་ལས་ཀ་གཞན་ཞིག་གཉེར་བའི་གྲོས་མགོ་ཐེངས་དུ་མར་བཏོན་མོད། ཁོས་བསམ་པར་གང་ནས་འགྱེད་པ་དེ་ནས་ལངས་དགོས་སྙམ་ཏེ། རང་གི་ཚོང་རྫས་ཕྱིར་འཚོང་མི་ཐུབ་པ་དེ་ནི་ཚོང་གཉེར་བྱེད་སྟངས་ཐད་ནས་གནད་དོན་ཞིག་བྱུང་ཡོད་པ་ཐག་ཡོད་ཡིན་པར་བསམས། ཚོང་མགྲོན་གྱི་ཁས་ལེན་ཐོབ་དགོས་ན་དང་ཐོག་རང་སྟེང་གི་བྱང་ཚད་མཐོར་འདེགས་གཏོང་དགོས་ཤིང་། བཟོ་ཁང་ནང་གི་དོ་དམ་ལ་ཤུགས་སྣོན་པ། ཚོང་གཉེར་གྱི་ཐབས་ལམ་རྒྱ་བསྐྱེད་པ་བཅས་བྱེད་པ་ནི་གཙོ་བོ་ཡིན་པར་དགོངས་ཤིང་། དེ་ལྟར་བྱུང་ན་ད་གཟོད་ཚོང་མགྲོན་མང་པོ་འགུག་ཐུབ་ཅིང་རང་གི་ཚོང་ཡང་བྲིན་སྲིད་སྙམ་ནས་དེའི་ཕྱོགས་སུ་ཤུགས་ཆེན་པོ་བརྒྱབ་ཅིང་། ཁོས་སེམས་པ་རྣམ་དག་གིས་ཚོང་ལས་གཉེར་བ་དང་། དཀའ་ཁག་ཁྱད་གསོད་ཀྱིས་ཕྱུག་སྒྱུར་བྱེད་པ་དེ་ལས་སྐྲུན་གྱི་རྨང་གཞིར་བརྟེན་པ་དང་། ཁེ་ལས་ཀྱི་ཕྱོགས་སོ་སོ་ནས་ནན་འཛིན་བྱེད་པ། སྒོས་སུ་སྤུས་ཀ་ནན་འཛིན་བྱེད་པ་ནི་ཀུན་གྱི་རྩ་བར་བཟུང་ཞིང་། ཁོམ་ལོང་གི་དུས་སུ་ལས་རིགས་གཅིག་པའི་གྲོགས་པོ་བར་བསམ་བློ་བརྗེ་རེས་བྱས་ཏེ་རང་གི་མི་འདང་ས་དང་གཉོམ་ས་གང་ཡིན་ཁ་སྐོང་ཅི་ཐུབ་བྱས་པར་མ་ཟད། ཚོང་རྫས་ཕྱིར་བཙོངས་རྗེས། ཚོང་མགྲོན་གྱི་བསམ་འཆར་ལ་ཉན་པ་དང་། ཚོང་རྫས་ཀྱི་སྤུས་ཀ་དང་ཇུས་འགོད་སོགས་ཕྱོགས་གང་ཐད་ནས་མི་འདང་ས་ཡོད་ན་རང་འགུལ་གྱིས་བརྗེ་ཐབས་བྱས།

དེ་ལྟར་འདེམ་བུས་ཚོད་ལྟ་མང་པོ་བྱས་ཏེ་དུས་ཚོད་ངེས་ཅན་ཞིག་འགོར་རྗེས། ཁོའི་ཁེ་ལས་ལ་འགྱུར་ལྡོག་ངང་གིས་འབྱུང་མགོ་ཚུགས་པ་དང་། ཚོང་མགྲོན་ཇེ་མང་དུ་སོང་ཞིང་ལྷག་ཏུ་ཚོང་མགྲོན་རྙིང་པ་ཇེ་མང་དུ་སོང་བས་དཔལ་འབྱོར་གྱི་ཁེ་སྤོགས་ཀྱང་ཇེ་ལེགས་ནས་ཇེ་ལེགས་སུ་གྱུར། ཐ་ན་ཁོའི་ཚོང་རྫས་དེ་བོད་ལྗོངས་དང་སི་ཁྲོན། ཀན་སུའུ་སོགས་ས་གནས་སུ་ཉོ་མཁན་མང་པོ་བྱུང་།

ཁོས་རང་སའི་ཕྱུགས་ལས་ཐོན་རྫས་དེ་དག་བེད་མེད་དུ་གཏོང་བ་ནི་ཤིན་ཏུ་མི་རུང་བར་བསམས། ཉིས་སྟོང་བཅུ་བཞི་ལོར་ཁོས་ཟི་ལིང་གི་བོད་ལྭ་བཟོ་བའི་ཀུང་སི་དེ་བུའི་ལག་ཏུ་སྤྲད་དེ་རང་ཉིད་ངལ་གསོ་འདོད་ཀྱི་བློ་སྐྱེས། ཉིན་ཞིག་ཁོ་དང་གྲོགས་པོ་སྐོར་ཞིག་གིས་ལུག་ཅིག་བཤས་ཏེ་པགས་པ་འཚོང་དུ་ཕྱིན་པར་ཉོ་མཁན་གྱིས་སྒོར་ལྔ་ལས་མ་བྱིན། ཁོའི་སེམས་ལ་ཀོ་ལྭ་ཞིག་ལ་སྒོར་མོ་སྟོང་ཕྲག་འགའ་རེ་སྟེར་དགོས། བལ་ལྭ་ཞིག་ལ་སྒོར་བརྒྱ་ཕྲག་དུ་མ་སྟེར་དགོས། པགས་པ་དང་བལ་འཚོང་དུས་རིན་གོང་འདི་འདྲ་དམའ་བའི་རྒྱུ་མཚན་ཅི་ཞིག་ཡིན་ནམ་སྙམ་བྱུང་། ཁོའི་བློ་ལ་དྲན་ཚུལ་དེ་སྐྱེས་པ་ནས་ཉིན་ཞག་མང་པོར་གནས་བབ་དེ་ཇི་ལྟར་འགྱུར་ལྡོག་གཏོང་བར་བསམ་བློ་བཏང་། རྗེས་སུ་ཁོ་དང་གསར་བུ་འགས་མ་རྩ་ཧྲག་བསྡུས་བྱས་ཏེ་ཕྱུགས་ལས་དངོས་རྫས་ལས་སྣོན་བྱེད་པའི་ཀུང་སི་ཞིག་གཉེར་བར་གྲོས་འཆམ་བྱུང་།

གསར་འགོདཔ་ཁོ་ཚོས་མཉམ་གཉེར་བྱས་ནས་དུས་ཡུན་རིང་བོ་མ་འགོར་བའི་ཀུང་སིའི་ལས་སྣོན་བྱ་ཡུལ་དུ་སོང་བ་ན། མི་ཉི་ཤུ་ལྷག་གིས་རང་རང་ས་རུ་སློག་པ་བཟོ་བ་དང་། ཕྱིང་གདན་འཇོག་པ། པགས་པ་མཉེད་པ་སོགས་ལས་ཀར་བྲེལ་འདུག འདེམ་བུ་དང་གླེང་མོ་བྱས་པ་བརྒྱུད། ཁོས་སྤྱི་གཉེར་པའི་འགན་ཁུར་པའི་ཀུང་སི་དེ་ནི་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཅིག་པའི་ནང་དངོས་སུ་ཐོན་སྐྱེད་བྱེད་མགོ་བརྩམས་ཤིང་། ཀུང་སིའི་རྒྱ་ཁྱོན་ལ་མུའུ་ཆིག་སྟོང་ལྷག་ཡོད་ཅིང་། འཛུགས་སྐྲུན་རྒྱ་ཁྱོན་ལ་མུའུ་བཞི་བརྒྱ་ཡོད་པ་དང་། དེའི་ནང་གཞུང་ལས་ཁང་དང་པགས་རིགས་ལས་སྣོན་ཁང་། འཚེམ་བཟོ་ཁང་། མཛོད་ཁང་སོགས་ཡོད་ལ། ཁོས་གཉེར་བཞིན་པའི་ཀུང་སིའི་མིང་ལ་གངས་ཅན་པ་ཕྱུགས་ཐོན་དངོས་རྫས་ལས་སྣོན་ཚད་ཡོད་འགན་ལེན་ཀུང་སི་ཟེར་བ་ཤེས།

ཁོས་ཀུང་སི་དེ་འཛུགས་པའི་དམིགས་ཡུལ་སྐོར་གླེང་དུས། ཁོས་བཤད་རྒྱུར། ང་ཚི་མི་ཉུང་ཉུང་ཞིག་གིས་རྩ་འཛུགས་བྱས་ཏེ། མ་དངུལ་འོས་འཚམ་གྱི་མ་རྐང་བཞག་ནས་མང་ཚོགས་ལ་སྣེ་ཁྲིད་དམ་དཔེ་སྟོན་གྱི་ནུས་པ་འདོན་པར་སྐུལ་སློང་དང་ཐབས་ལམ་འཚོལ་བར་གྲོས་མོལ་བྱས་པ་བརྒྱུད། རང་ས་གནས་ནས་ཐོན་པའི་ཐོན་རྫས་སྣ་ཚོགས་སྔོག་འདོན་དང་བེད་སྤྱོད་བཏང་སྟེ། དེང་སྐབས་ཉམས་ཉེན་སུ་འགྲོ་བཞིན་པའི་སྲོལ་རྒྱུན་ལག་ཤེས་བཟོ་ལས་སླར་གསོ་དང་། དེང་གི་ཚན་རིག་ལག་རྩལ་གཉིས་ཟུང་འབྲེལ་བྱས་ཏེ། ལག་རྩལ་དར་སྤེལ་དང་ལག་རྩལ་མི་སྣ་གསོ་སྐྱོང་བྱེད་པ་དང་། འབྲོག་པ་མང་ཚོགས་ཀྱི་བལ་དང་པགས་པ་སོགས་ཉོ་སྡུ་དང་ཕྱིར་འཚོང་། ལས་སྣོན་བཅས་བྱས་ཏེ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་དང་ངལ་རྩོལ་པ་ལྷག་མའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་དང་ཡོང་སྒོ་འཕར་སྣོན་བྱེད་པ་དེ་གཙོ་བོ་ཡིན་ཟེར། འདེབ་བུའི་ལས་སྣོན་ཁང་དུ་པགས་པ་དང་ཚ་རུ་ལས་སྣོན་བྱས་ཏེ་ཚར་སློག་རིང་ཐུང་ཅི་རིགས་དང་། ལུག་བལ་གྱི་ཕྱིང་ལྭ། ཕྱིང་ཞྭ། ཕྱིང་ལྷམ་སོགས་དང་། དེ་མིན་ཕྱར་བ་དང་། ཁུག་མའི་རིགས་སྣ་ཚོགས། གདན་ཆ་དང་སྒ་ཆས། ཉལ་ཆས་སོགས། སྦྲ་དང་སྦྲེའུ། གཙུག་ལག་ཁང་གི་སྒོ་ཡོལ། ཐག་པ་དང་སྒྱེ་མོ་སོགས་ཐོན་རྫས་མང་པོ་བཟོ་སྐྲུན་བྱས་འདུག
ང་ཚོས་ཁོའི་ཐོན་རྫས་ཀྱི་ཕྱིར་འཚོང་དང་ཁེ་སྤོགས་གླེང་བཞིན་པའི་སྒང་ལ། གསར་བུ་ཞིག་ཁོའི་ལས་སྣོན་ཁང་དུ་འཛུལ་ཡོང་ནས་ང་ཚོའི་ཁ་བརྡར་ཡུན་རིང་ཉན་རྗེས། ཁོས་ང་ནི་སྡེ་བ་འདིའི་ཡིན། དམངས་སྲོལ་སྐོར་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ཟེར། རྗེས་ཀྱི་ཁ་བརྡའི་ཁྲོད་ཁོའི་མིང་ལ་དམ་ཆོས་ཟེར་བ་ཤེས། ཁོས་ང་ནི་དམངས་སྲོལ་ཞིབ་འཇུག་པ་ཞིག་ཡིན་པའི་ཆ་ནས། ངས་བལྟས་ན་ཁོའི་ཀུང་སི་འདིས་བསྐྲུན་པ་ནི་དཔལ་འབྱོར་གྱི་ཁེ་སྤོགས་ཁོ་ན་ཙམ་གཏན་ནས་མ་ཡིན། གཙོ་བོ་དེ་རང་རེའི་ཉམས་བཞིན་པའི་དམངས་སྲོལ་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་བཞིན་འདུག དེ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད་ཟེར།

འདེམ་བུའི་ཀུང་སིའི་ནང་གི་ལས་བཟོ་པ་ཆེས་རྒན་གྲས་ནི་སྤོ་བོ་རྒན་གྱ་རེད། སྤོ་བོ་རྒན་གྱ་ད་ལོར་ལོ་རེ་ལྔ་ཡིན་ཟེར། ཁོའི་ལས་ཀ་གཙོ་བོ་ནི་པགས་པ་འདྲ་གཅོད་བྱེད་པ་དེ་རེད། གསར་འགོད་པས་ཁོ་དང་གླེང་མོ་བྱས་པར། ཁོས་བཤད་རྒྱུར། ང་རང་ལ་མཚོན་ན་ཐག་རིང་དུ་ཞོར་ལས་ལ་འགྲོ་མི་ཐུབ། རང་གི་སྒོ་ཁ་ནས་སྒོར་མོ་བཙལ་ཐུབ་ན་དེ་ནི་རང་གི་སྐྱིད་རེད། འདིར་ཡོང་ན་ཟ་འཐུང་ལ་རིན་པ་སྟེར་མི་དགོས། ད་དུང་ཟླ་རེར་དུས་ལྟར་སྒོར་སྟོང་གཉིས་ལྔ་བརྒྱ་ཡི་ཟླ་ཕོགས་ལེན་ཐུབ། རང་གི་སྒོ་ཁ་ནས་སྒོར་མོ་བཙལ་ཏེ་ཁྱིམ་ཚང་གི་འགྲོ་གྲོན་ཐད་ཁ་གསབ་རེ་བྱེད་ཐུབ་པ་དེ་ནི་ཤིན་ཏུ་ལེགས། སྤོ་བོ་རྒན་གྱས་དེ་ལྟར་ཡིད་འགུལ་ཐེབས་བཞིན་བཤད་བྱུང་། འདེམ་བུའི་ཁེ་ལས་འདི་ནི་རིག་གནས་དར་སྤེལ་དང་ཁེ་སྤོགས་མཉམ་བརྩོན་ཀྱི་ཁེ་ལས་ཤིག་སྟེ། ལས་ཀ་པ་ཁོའི་ཀུང་སིར་སླེབས་ཚེ་གླ་ཕོགས་བཙལ་ཆོག་པ་དང་། ཞིབ་འཇུག་པ་ཁོའི་ཀུང་སིར་སླེབས་ན་ཞིབ་འཇུག་གི་རྒྱུ་ཆ་རྙེད་ཐུབ་པ། ལྟད་མོ་པ་ཡོང་ཚེ་ཉམས་ཉེས་སུ་འགྲོ་བཞིན་པའི་བོད་རང་གི་ཐུན་མིན་གྱི་དངོས་རྫས་མང་པོར་མཇལ་ཐུབ་པས། ཁོའི་ཀུང་སི་དེ་ནི་ཕྱོགས་ཆེ་ས་ནས་བཤད་ན་ཕྱུགས་ཐོན་དངོས་རྫས་ཀྱི་བཤམ་སྟོན་ཁང་ལྟ་བུ་ཞིག་ཏུ་ཡང་གྱུར་འདུག

རང་ལ་ཁེ་སྤོགས་ཐོབ་རྗེས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དེ་ཁོས་ནམ་ཡང་བརྗེད་མ་མྱོང་། ལས་སྐྲུན་གྱི་མགོ་བརྩམས་པའི་ཚུན་དུ། ཏང་དང་སྲིད་གཞུང་གིས་དམངས་ཕྱུག་སྲིད་ཇུས་ཀྱི་སྐུལ་འདེད་དང་། བཟོ་ཚོང་སྡེ་ཁག་གི་ཞབས་ཞུ་དང་མཛུབ་སྟོན་འོག ཁོའི་ཚོང་ལས་ཡང་ཇེ་བཟང་ཇེ་ལེགས་སུ་སོང་སྟེ་གཞི་ཁྱོན་དང་ཕན་འབྲས་སོགས་ཕྱོགས་གང་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་། ཁོ་ནི་ནམ་ཡང་རང་ཁོ་ན་ཕྱུག་པོར་གྱུར་རྗེས་རྒྱ་ཆེན་རྒྱས་པ་བྱས་ཏེ་སྐྱིད་འདོད་ཀྱི་བསམ་པ་ཡོད་མཁན་ཞིག་གཏན་ནས་མིན། ལས་རིགས་གཅིག་པའི་མི་ལ་དཀའ་ཁག་བྱུང་ན་ཁོའི་རང་གི་ཉམས་མྱོང་བརྒྱུད་སྒྲོག་དང་ཐབས་བཀོད་འཐེན་རོགས་བྱེད་པར་མ་ཟད། སུ་ལ་དཀའ་ཁག་ཡོད་ན་དེར་མ་དངུལ་སོགས་ཀྱི་རྒྱབ་སྐྱོར་བྱས་ཤིང་། ལོ་སར་སོགས་ཀྱི་སྐབས་སུ་རྒན་རྒོན་དང་དབུལ་ཕོངས་ཁྱིམ་ཚང་ལ་དངོས་པོ་དང་སྒོར་མོས་རོགས་རམ་བྱེད་པ་དེ་ཁོས་རང་གི་འོས་འགན་དུ་བརྩིས། ཁོས་སྔ་གཞུག་ཏུ་ཧྭ་ལུང་རྫོང་གི་སློབ་གྲྭ་ཞིག་ལ་བོད་ལྭ་དང་དཔེ་ཁུག་དཔེ་ཆ་སོགས་སྒོར་ཁྲི་གསུམ་ལྷག་གི་རིན་པ་བྱིན་པ་དང་། དམངས་སྒྲུབ་ཀྱི་སློབ་གསོ་མཐུན་ཚོགས་ཤིག་ལ་སྒོར་ཁྲི་གསུམ་གྱིས་རོགས་རམ་བྱས། རང་སྡེ་བའི་ལོ་ན་རེ་དགུ་ཡན་གྱི་རྒན་པ་ཡོངས་ལ་བོད་ལྭ་བརྒྱད་ཅུ་ལྷག་བྱིན། ཁོའི་ལས་བཟོ་པ་མང་ཆེ་བ་ཡང་རང་ས་རང་ཡུལ་གྱི་མི་ཡིན་ཏེ། ཁོས་བཤད་རྒྱུར། མགོ་མང་ནི་ང་སྐྱེས་སའི་ཕ་ཡུལ་ཡིན། ཕ་ཡུལ་མི་དམངས་ཀྱིས་ང་ལ་གོ་སྐབས་བསྐྲུན་པ་དང་རོགས་རམ་སྣ་ཚོགས་བྱས་མྱོང་། ཕ་ས་ཕ་ཡུལ་གྱི་མང་ཚོགས་ལ་ངས་རོགས་རམ་ཕྲན་ཙམ་བྱེད་ཐུབ་ཚེ་དེ་ནི་ངའི་འོས་འགན་ཡིན། དེར་ང་ནམ་ཡང་འགྱོད་པ་སྐྱེས་མ་མྱོང་།

གསར་འགོད་པས་ཁེ་ལས་པ་འདེམ་བུའི་སྐོར་ནས་མགོ་མང་གྲོང་རྡལ་གྱི་སྒྲིག་ཨུའི་ཧྲུའུ་ཅི་ཚེ་བརྟན་རྡོ་རྗེ་ལ་བཅར་འདྲི་བྱས་པ་ན། ཁོས་བཤད་རྒྱུར། འདེམ་བུས་ཀྱང་ཐོག་མར་གཞན་ལ་གླ་བྱས་ཏེ་སྡུག་མང་པོ་མྱངས་པ་རེད། ད་ལྟ་ཟི་ལིང་དུ་ཀུང་སི་ཕྱེས་ཡོད་ནའང་། ཁོས་སྒོར་མོ་རང་གི་ཁུག་མར་འཇུག་རྐྱང་མི་བྱེད་པར་གཞན་ལ་རོགས་བྱེད་པ་དེ་ནི་ཁེ་ལས་པ་ཡོངས་ཀྱིས་ནུས་པ་ཞིག་མིན། ཁོས་སྡེ་བ་འདིའི་ན་གཞོན་སྐོར་ཞིག་རྩ་འཛུགས་བྱས་ནས་ཕྱུག་སྒྱུར་གྱི་སྣེ་ཁྲིད་པ་དེ་ནི་དོན་དག་བཟང་པོ་ཞིག་རེད། ཁོས་རང་གི་ས་གནས་ང་ཡུལ་ལུང་གཞན་པའི་དབུལ་ཕོངས་ཅན་དང་སློབ་མར་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་གང་ཐུབ་བྱས་པ་རེད། ད་ལྟ་འབྲོག་ཕྱོགས་སུ་ཕྱུགས་ཟོག་ཁོ་ནར་བརྟེན་ནས་ཕྱུག་པོར་བསྒྱུར་མི་ཐུབ། ཁོས་ངལ་རྩོལ་པ་ལྷག་མ་མང་པོར་ལས་ཀ་བཀོད་སྒྲིག་བྱས་པ་འདི་ནི་ས་གནས་རང་ལ་མཚོན་ནའང་བྱས་རྗེས་ཆེན་པོ་ཞིག་རེད།

འདེམ་བུ་གླེང་དུས་སྨར་ཁམས་སྡེ་བའི་ཧྲུའུ་ཅི་མགོན་པོས། འདེམ་བུ་ནི་མི་སྤོབས་པ་ཅན་ཞིག་ཡིན། ཁོས་ལས་ཀ་རྣམ་པ་སྣ་ཚོགས་ལས་མྱོང་། ཕམ་ཁ་ཡང་མང་པོ་མྱངས་མྱོང་། ཡིན་ནའང་ཁོ་ནི་ཕམ་ཁར་སྐྲག་པའི་མི་ཞིག་གཏན་ནས་མ་རེད། ཁོས་དང་ཐོག་ཟི་ལིང་ནས་བཟོ་ཁང་གཉེར་དུས་ངའི་སེམས་ལ་དེ་ནི་བདེན་པ་ཡིན་རྒྱུ་མ་རེད་སྙམ། ཐེངས་ཤིག་ང་ཟི་ལིང་དུ་སོང་ནས་ཁོ་བཙལ་པ་ཡིན། ཁོ་དང་འཕྲད་དུས་ད་གཟོད་ཁོ་ནི་དངོས་གནས་བཟོ་ཁང་གི་སྦྱིན་བདག་ཡིན་པ་ཤེས། ཐེངས་དེར་ད་དུང་དོན་དག་ཅིག་ལ་འཕྲད་པ་ནི། ངེས་གཉིས་ཁོ་ཡོད་སའི་ར་སྐོར་ནང་འགྲོ་དུས་ལམ་ཁ་རུ་རྒྱ་མོ་ཞིག་ངུ་བཞིན་འདུག ཁོ་ཕར་སོང་ནས་རྒྱ་མོ་དེར་གནས་ཚུལ་དྲིས་པ་དང་། སྒོར་མོ་མེད་པས་མུ་མཐུད་དུ་ནས་བཅོས་བྱེད་མི་ཐུབ་པའི་སྐོར་བཤད་པས། ཁོས་རྒྱ་མོ་དེ་ལ་སྒོར་སྟོང་ལྔ་བྱིན་པ་རེད། ཁོ་ནི་དངོས་གནས་མི་གཏོང་ཕོན་ཅན་ཞིག་རེད་ཟེར།

འདེམ་བུ་ནི་རང་ལ་ཁེ་སྤོགས་ཐོབ་རྗེས་རང་གི་ཕ་ས་ཕ་ཡུལ་དང་སྤྱི་ཚོགས་སྟེང་གི་དཀའ་ཁག་ཡོད་པའི་མི་ལ་རང་གིས་ནུས་ཚོད་ཀྱིས་རོགས་རམ་བྱེད་པའི་མི་བཟང་པོ་ཞིག་ཡིན། དེ་ལ་ཁོས་ཀྱང་གཞན་ལ་དཀའ་ཁག་བྱུང་ན་ང་ནི་མ་ཤེས་ཁུལ་བྱས་ཏེ་སྡོད་ཐུབ་མཁན་ཞིག་མིན་ཟེར་ཞིང་། དོན་དངོས་མང་པོའི་སྟེང་ནས་ཀྱང་ཁོའི་ཡ་རབས་སྤྱོད་བཟང་གི་གཤིས་ཀ་མཚོན་ཐུབ།

གསར་འགོད་པས་འདེམ་བུ་ལ་བཅར་འདྲི་བྱས་ནས་རྫོགས་ལ་ཉེ་དུས། ཁོས་རང་གི་མ་འོངས་པའི་འཆར་གཞི་གཙོ་བོ་ནི་སྲོལ་རྒྱུན་གྱི་ལག་རྩལ་རྨང་གཞི་བྱེད་པ་དང་དེང་རབས་ཀྱི་ཚན་རྩལ་ལ་བརྟེན་ནས། ཕྱུགས་ལས་ཐོན་རྫས་ཀྱིས་རང་ས་གནས་ཀྱི་དཔལ་འབྱོར་སྤེལ་རྒྱུ་དང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་ཟེར།
 

རྩོམ་སྒྲིག་པ། ཚེ་མགོན་རྒྱལ།