སྒྱུ་རྩལ་གྱི་ལམ་བུ་འཚོལ་སྟངས་ཤིག
2016.06.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 35

བླ་མ་ཚེ་རིང་ནི་མཚོ་ལྷོ་ཁུལ་མཛེས་རྩལ་དང་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་དང་གུང་ཧོ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཡིན་ལ། 1971ལོར་མཚོ་ལྷོ་ཀོས་ནན་རྫོང་བྱ་མདོ་སྤྲེལ་ནག་སྡེ་བར་སྐྱེས། ལོ་བརྒྱད་ནས་བཟུང་རང་ཡུལ་སྤྲེལ་ནག་སྡེ་བའི་སློབ་ཆུང་འགྲིམས་ཤིང་། རིམ་གྱིས་ཀོས་ནན་རྫོང་མི་རིགས་སློབ་འབྲིང་དང་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་སོགས་སུ་སློབ་གཉེར་བྱས་མྱོང་། 1991ལོར་བྱ་བར་ཞུགས་ཤིང་གུང་ཧོ་རྫོང་མཚོ་སྐོར་བོད་ཡིག་སློབ་འབྲིང་དང་གུང་ཧོ་རྫོང་མི་རིགས་སློབ་འབྲིང་སོགས་སུ་གྲངས་རིག་དང་མཛེས་རྩལ། ཡིག་གཟུགས་སོགས་དགེ་རྒན་གྱི་ལས་ཀ་ཧུར་ཐག་གིས་གཉེར་བ་རེད།

ཆུང་དུས་ནས་དགའ་ཕྱོགས་ཤིག་གིས་སྣེ་དྲངས་ཏེ་ཁོ་རང་རི་མོའི་སྒྱུ་རྩལ་དང་ཡིག་གཟུགས་འབྲི་སྦྱོང་ལ་ཤིན་ཏུ་སྤྲོ་ཞིང་དུངས་ཞེན་ཆེན་པོ་ལྡན་པས། ལས་ཞོར་དུའང་ཁོས་གསེར་ལས་དཀོན་པའི་དུས་ཚོད་གང་ཡོད་བེད་སྤྱད་ནས་ཡིག་རིས་འབྲི་སྦྱོང་གི་རྒྱུན་ཅུང་ཟད་ཀྱང་ལྷོད་མ་མྱོང་ཞིང་། ཁོམ་ལོང་ཡོད་དུས་ད་དུང་བོད་ཀྱི་ཐང་གའི་འབྲི་སྲོལ་དང་ཆུ་ཚོན་རི་མོ། ནུབ་གླིང་གི་སྐྱ་རིས་དང་སྣུམ་ཚོན་རི་མོའི་འབྲི་ལུགས་སོགས་ཀྱང་རང་ནུས་ཀྱིས་སྦྱངས་བརྩོན་ལྷོད་མེད་བྱས་པས་གྲུབ་འབྲས་མངོན་གསལ་བྱུང་ཞིང་། སྦྱངས་འབྲས་ལེགས་པའི་སློབ་མའང་མི་ཉུང་བ་ཞིག་སྐྱེད་སྲིང་བྱེད་ཐུབ་སོང་། སྔ་གཞུག་ཏུ«གངས་རྒྱན་ན་ཆུང་ཚགས་པར»དང«མཚོ་སྔོན་མང་ཚོགས་སྒྱུ་རྩལ»«སྦྲང་ཆར»སོགས་ཞིང་ཆེན་རིམ་པའི་ཚགས་པར་དང་དུབ་དེབ་འགའ་རེའི་སྟེང་དུ་རི་མོའི་་བརྩམས་ཆོས་ཉི་ཤུ་ལྷག་སྤེལ་མྱོང་ལ། རི་མོའི་བསླབ་གཞི«སྐྱ་རིས་ལ་འཇུག་པའི་སྒོ»ཞེས་པའང་དགེ་གྲོགས་གཞན་དང་མཉམ་འབྲེལ་གྱིས་རྩོམ་འབྲི་བྱས་ནས་པར་སྐྲུན་འགྲེམ་སྤེལ་བྱས་ཡོད།  

2002ལོར་མཚོ་སྔོན་ཞིང་ཆེན་ན་གཞོན་དགེ་རྒན་གྱི་རི་མོ་འགྲན་སྡུར་སྟེང་ཁོའི་བརྩམས་ཆོས་རི་མོ«འཚོལ»ཞེས་པ་དང«སྐྱེ་རྒ་ན་འཆི»ཞེས་པ་གཉིས་ལ་ཨང་གཉིས་པ་དང་གསུམ་པའི་བྱ་དགའ་ཐོབ། 2009ལོར་རྒྱལ་ཡོངས་ཆུང་འབྲིང་སློབ་མའི་ཕུལ་བྱུང་རི་མོ་དང་བརྙན་པར་འགྲན་སྡུར་སྟེང་ཡིག་རིས་སྒྱུ་རྩལ་པ་བླ་མ་ཚེ་རིང་ལ་ཕུལ་བྱུང་མཛུབ་སྟོན་དགེ་རྒན་གྱི་མཚན་སྙན་བྱ་དགའ་ཐོབ། 2011ལོར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་ཁོའི་རི་མོའི་འཇོན་ནུས་ལ་ཁས་ལེན་ཐོབ་སྟེ་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་ཞེས་པའི་གྲས་སུ་གཟེངས་བསྟོད་གནང་བ་དང་གཟི་བརྗིད་དཔང་ཡིག་གནང་། 2013ལོར་སྐབས་བཅུ་དགུ་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱས་ནས་མཛེས་སྡུག་གི་ཁྱིམ་གཞིས་མཉམ་དུ་བསྐྲུན་པ་ཞེས་པའི་མཚོ་སྔོན་ཞིང་ཆེན་དགེ་རྒན་གྱི་མཛེས་རྩལ་དང་བརྙན་པར་འགྲན་སྡུར་ཆེན་མོའི་སྟེང་དུ་ཁོས་བྲིས་པའི་རི་མོ་ལ་གསེར་གྱི་རྟགས་མའི་བྱ་དགའ་ཐོབ། དེ་མིན་ཞིང་ཆེན་དང་ཁུལ་རྫོང་གི་རི་མོ་དང་ཡིག་གཟུགས་སྒྱུ་རྩལ་གྱི་འགྲན་སྡུར་སྣ་ཚོགས་ཀྱི་སྟེང་དུ་ཁོའི་སློབ་མ་རྣམས་ལ་གཅིག་འཕྲོར་གཅིག་མཐུད་དུ་བྱ་དགའ་ཐེངས་མང་པོ་ཐོབ་ཅིང་། ཞོར་དུ་ཁོ་ལ་ཕུལ་བྱུང་མཛུབ་སྟོན་དགེ་རྒན་གྱི་བྱ་དགའ་ཡང་ཐེངས་གང་མང་ཐོབ་མྱོང་།

དེ་ལས་གཞན་ཡིག་གཟུགས་སྒྱུ་རྩལ་ལའང་མོས་པ་ཆེན་པོ་ཡོད་སྐབས། ཁོས་སྔ་ཕྱིར་བྲིས་པ་གྲགས་ཅན་མང་པོར་བསྟེན་ནས་བོད་གངས་ཅན་གྱི་ཡིག་གཟུགས་བྲིས་རྒྱུན་སྣ་ཚོགས་ལ་འབྲི་སྦྱོང་བྱས་ཤིང་། ལྷག་པར2015ལོར་མཚོ་སྔོན་ཞིང་ཆེན་གྱི་ཐོན་མིའི་ཡིག་རྒྱུན་ཡིག་གཟུགས་མཐོ་རིམ་གསོ་སྦྱོང་སྐབས་དང་པོ་ལ་ཞུགས་པའི་སྐལ་བ་ལྡན་ཏེ་གཙང་གི་བྲིས་པ་ཆེན་མོ་ལྷ་ཁང་བློ་བཟང་རྡོ་རྗེ་མཆོག་དང་དབུས་ཀྱི་བྲིས་པ་སྙེ་འཕྲིན་ལས་རྒྱལ་མཚན་མཆོག ཁམས་ཀྱི་མི་རྣམ་སྤྲུལ་སྐུ་མཆོག ཨ་མདོ་མགོ་ལོག་གི་བྲིས་པ་ངག་དབང་རྒྱ་མཚོ་ཚང་སོགས་དགེ་རྒན་བཀའ་དྲིན་ཅན་དུ་མ་ལས་གཙང་བྲིས་ཚུགས་ཆེན་དང་ཚུགས་ཆུང་། ཚུགས་མ་འཁྱུག ད་དུང་སྙེ་བྲིས་དང་། གཞུང་བྲིས། ནང་བྲིས་ནོར་བུ་མ། བཀའ་བརྒྱུད་གཟབ་བྲིས། སྡེར་ནང་ས་བྲིས་སོགས་བྲིས་རྒྱུན་དང་བྲིས་གཟུགས་མི་འདྲ་བ་བརྒྱད་ཀྱི་བྲིས་རྒྱུན་དང་གདམས་པ་ཚུལ་བཞིན་མནོས། ཡིག་གཟུགས་སྒྱུ་རྩལ་ལ་འཇུག་པའི་སྤྲོ་བ་སྔར་ལས་ཆེས་ཆེར་འཕེལ་ཏེ་རྫོང་ཡོངས་ཀྱི་ཡིག་གཟུགས་འགྲན་སྡུར་སྟེང་བྱ་དགའ་རིམ་པ་དང་པོ་ཐོབ། 2015ལོར་ད་དུང་ཁོས་རང་གི་ཉམས་མྱོང་རྣམས་གཞི་གཅིག་ཏུ་བསྡུས་ཤིང་བསྡོམས་ཏེ་གུང་ཧོ་རྫོང་མི་རིགས་སློབ་འབྲིང་གི«བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་སློབ་དེབ»རྩོམ་སྒྲིག་བྱས་ནས་གཙང་བྲིས་ཚུགས་ཆེན་དང་སྙེ་བྲིས་སོགས་ཚད་ལྡན་བྲིས་རྒྱུན་སྤེལ་བའི་སློབ་ཁྲིད་ཀྱི་རྒྱུན་སྐྱོང་བཞིན་རི་མོ་དང་ཡིག་གཟུགས་སྒྱུ་རྩལ་གྱི་འགྲེམ་སྟོན་བྱ་འགུལ་སྣ་ཚོགས་ཐེངས་གང་མང་སྤེལ་བ་དང་། དེ་དག་ནི་གཞན་ལ་ངོམ་ཆོག་པའི་སློབ་གྲྭའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་བརྩི་བཞིན་ཡོན།

ད་ལྟ་ཁོས་སྔར་བཞིན་གུང་ཧོ་རྫོང་མི་རིགས་སློབ་འབྲིང་དུ་མི་རིགས་སློབ་གསོའི་བྱ་བར་འབད་འབུངས་ལྷོད་མེད་བྱེད་ཀྱིན་ཡོད་པར་མ་ཟད། སློབ་གྲྭའི་བཀོས་སྒྲིག་ལྟར་རང་ཉིད་སྤྲོ་བ་ཡོད་པའི་རི་མོ་དང་ཡིག་གཟུགས་སྒྱུ་རྩལ་གྱི་སློབ་ཁྲིད་ལས་འགན་ཡང་དགའ་བས་ཕྲག་ཏུ་བླངས་ཏེ། བོད་ཀྱི་ཡིག་གཟུགས་བྲིས་རྒྱུན་སྤེལ་བའི་སློབ་ཁྲིད་ཀྱི་ལས་ཀར་འཇུག་ཞོར། རང་གི་ཁོམ་སྐབས་དང་བསྟུན་ནས་རི་མོ་དང་ཡིག་གཟུགས་བརྩམས་ཆོས་མང་པོ་སྤེལ་དང་སྤེལ་བཞིན་པའི་སྒང་ཡིན།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།