ཐེམ་ཆེན་རྩྭ་ཐང་གི་སྨན་པ་བཟང་པོ་རྒྱ་མཚོ།
2016.06.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

རྩྭ་ཐང་གི་སྨན་པ་བཟང་པོ། ནད་པ་རྣམས་ཀྱི་བཀའ་དྲིན་བདག་ཉིད་ཅན། འདི་ནི་ཐེམ་ཆེན་མི་དམངས་ཀྱིས་སྨན་པ་རྒྱ་མཚོ་མཆོག་ལ་ཕུལ་བའི་སེམས་གཏམ་དྲོན་མོ་ཡིན་ལ། ཁོའི་གཞན་ཕན་གྱི་ལྷག་བསམ་དང་རིན་བྲལ་གྱི་ལག་ལེན་ལས་ཐོབ་པའི་ལྷད་མེད་འབྲས་བུའང་ཡིན།

ཞོགས་པའི་ཉི་སེར་ཐེམ་ཆེན་རྩྭ་ཐང་ལ་ཤར་དུས་སྨན་པ་རྒྱ་མཚོ་སྔ་མོ་ནས་ཡར་ལངས་ཏེ་ནངས་ཇ་འཐུར་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་ལ། སྐར་མ་བཅུའི་རིང་ནང་ཇ་འཐུང་ཚར་རྗེས། ཁོས་སྔ་མོ་ནས་སྨན་ཁང་ནང་སོང་སྟེ། ཉིན་གཅིག་གི་ལས་ཀའི་སྔོན་གྱི་བྱ་བར་གྲ་སྒྲིག་ལེགས་པོ་ཞིག་བྱེད་དགོས་ཟེར།

ཐེམ་ཆེན་རྫོང་མཁར་གསར་གྲོང་རྡལ་གྱི་མི་ཚང་མར་ཧ་ཅང་གསལ་ཆ་ཡོད་པའི་གཅེས་སེམས་སྨན་ཁང་ནི་སྨན་པ་རྒྱ་མཚོའི་བྱ་བ་ལས་ས་རེད། རྒྱ་མཚོ་ནི་ཐེམ་ཆེན་རྩྭ་ཐང་ན་ཀུན་གྱིས་གླེང་བཞིན་པའི་སྨན་པ་བྱམས་སེམས་ཅན་ཞིག་ཡིན་ལ། རྒྱ་མཚོ་དང་དངོས་སུ་མ་འཕྲད་གོང་ས་གནས་མང་ཚོགས་ཀྱིས་ཁོ་ལ་བསྔག་བརྗོད་བྱེད་གྱིན་ཡོད། ཁོའི་སྨན་ཁང་གི་མིང་ལ་ཐེམ་ཆེན་རྫོང་རྒྱ་མཚོའི་གཅེས་སེམས་བོད་སྨན་ཁང་ཟེར། རྒྱ་མཚོ་ནི་སྨན་ཁང་ནང་གི་ཆེད་མཁས་སྨན་པ་གཅིག་པུ་རེད། ཐོག་དང་པོར་ཁོ་དང་འཕྲད་དུས། ཧ་ཅང་བྱམས་སེམས་ཅན་ཞིག་ཡིན་པའི་ཚོར་སྣང་སྟེར།

སྨན་ཁང་འབྲོག་མང་སྡོད་ཁུལ་གྱི་ཁང་པ་ཅུང་ཆེན་པོ་ཞིག་གི་ནང་དུ་ཡོད་ལ། ཆེ་ཆུང་ལ་སྨི་ཉི་ཤུ་ལས་མེད་པའི་ཁང་པ་ཞིག་གི་ནང་དུ་་ལྭ་དཀར་པོ་གྱོན་པའི་སྨན་པ་རྒྱ་མཚོ་ཡིས་འབྲོག་པ་ཞིག་ལ་སྨན་བཅོས་བྱེད་བཞིན་གདའ། གསར་འགོད་པར་བཞག་པའི་ཚོར་སྣང་ཐོག་མ་ནི་སྨན་པ་རྒྱ་མཚོའི་སྨན་ཁང་ཧ་ཅང་གཙང་མ་ཡིན་ལ་ནང་གི་ཅ་ལག་ཚང་མ་ཡང་ལེགས་པོ་ཞིག་སྒྲིག་འདུག། ཁོས་སེམས་ཞིབ་མོས་སྨན་སྒམ་དང་། སྨན་རྫས། སྨན་བཅོས་ཡོ་ཆས་སོགས་གྲ་སྒྲིག་བྱས་ཏེ། སྨན་བཅོས་སྔོན་གྱི་བྱ་བ་ཚང་མ་ལེགས་པོ་ཞིག་བསྒྲུབས་འདུག།

དུས་ཚོད་བརྒྱད་དང་སྐར་མ་ཉི་ཤུའི་སྟེང་། གཅེས་སེམས་སྨན་ཁང་དུ་ནད་པ་ཞིག་ཐོན་བྱུང་ལ་ཁོའི་མིང་ལ་ཚེ་བྷོ་ཟེར། ཚེ་བྷོ་ནི་ཐེམ་ཆེན་རྩྭ་ཐང་གི་འབྲོག་པ་ཞིག་ཡིན་ལ། དུས་ཚོད་བདུན་གྱི་སྟེང་རྫོང་མཁར་དང་བར་ཐག་སྤྱི་ལེ་སུམ་ཅུ་ཡོད་པའི་ཕྱུགས་ལས་ས་ཁུལ་དུ་ཡོང་བ་ཡིན་ལ། ཁོར་དུས་རྒྱུན་དུ་མགོ་ན་བའི་ནད་རྟགས་ཡོད། རྗེས་སུ་སྨན་པ་རྒྱ་མཚོས་སེམས་ཞིབ་མོའི་ནད་རྟགས་འདྲི་ཞོར་དུ་རྩར་བརྟག་པ་དང་ཁོའི་དུས་རྒྱུན་གྱི་འགྲོ་འདུག་སྤྱོད་གསུམ་གྱི་གནས་ཚུལ་ཞིབ་མོར་དྲིས། ཆམ་པའི་རྐྱེན་གྱིས་ནད་རྙིང་འཕར་བ་ཡིན་ལ། ཉེ་ལམ་ངལ་གསོ་ཅུང་ཙམ་བྱེད་དགོས། དུས་ཡུན་ཐུང་ངུའི་ནང་ངལ་རྩོལ་འདྲ་བྱེད་མི་ཉན་ཞེས་ཁ་བརྡ་བྱས་རྗེས། ནད་པ་ཚེ་བྷོ་ལ་སྐམ་ཁབ་འཛེར་བ་རེད། ནད་པ་འགྲོ་ཁར་ཁོ་ལ་བོད་སྨན་ཞིག་བྱིན་པ་དང་ཁུག་མའི་སྟེང་ཅི་ལྟར་འཐུང་དགོས་པའི་གནས་ཚུལ་གསལ་བོར་བྲིས་འདུག། ཚེ་བྷོ་ཡིས་མགོ་ན་བ་ཅུང་ཇེ་བདེར་སོང་འདུག་སྨན་པ་བཀའ་དྲིན་ཞུས་རྗེས་ཕྱིར་ཕྱུགས་ལས་སུ་བུད་སོང་།

དཔའ་མོ་མཚོ་ནི་སྨན་པ་རྒྱ་མཚོ་ཡི་སློབ་མ་ཡིན་ལ། ད་ལོ་རང་ལོ་ཉེར་བདུན་རེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་ཆེད་ལས་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་སྨན་པ་རྒྱ་མཚོའི་སྨན་ཁང་དུ་དངོས་སྦྱོང་བྱས་པ་ཡིན་ལ། སྨན་སྟེར་ཞོར་དུ་སྨན་པ་རྒྱ་མཚོའི་མདུན་དུ་སློབ་སྦྱོང་བྱེད་བཞིན་ཡོད། དཔའ་མོ་མཚོ་ཡིས་བཤད་རྒྱུར། འདིར་ཡོང་ནས་ནད་ལ་སྟོན་བཞིན་པའི་འབྲོག་པ་མང་ཚོགས་ཧ་ཅང་མང་། འཚོ་བར་དཀའ་ཁག་ཡོད་པའི་ས་གཞན་གྱི་ལས་ཀ་བར་རིན་མི་དགོས་པར་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། མི་ལ་ལ་ཞིག་ནི་རྫོང་མཁར་དང་བར་ཐག་ཧ་ཅང་རིང་བའི་ས་ཁུལ་དུ་ཡོང་བ་ཡིན་ལ། ངའི་བལྟས་ན་སྨན་པ་རྒྱ་མཚོ་ནི་ས་གནས་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་པའི་མི་བུ་ལྷག་བསམ་ཅན་ཞིག་རེད།

རང་ལོ་ཞེ་དྲུག་ཡིན་པའི་སྨན་པ་རྒྱ་མཚོ་ནི་ཆུང་དུས་སུ་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དུ་སྨན་གཞུང་ལ་ཧ་ཅང་མཁས་པའི་དགེ་རྒན་དག་ལ་བརྟེན་ནས་བོད་ཀྱི་གསོ་བ་རིག་པར་སློབ་སྦྱོང་ལེགས་པོ་ཞིག་བྱས་པ་དང་། ལོ་བཅུ་གཅིག་གི་སྟེང་བོད་ཀྱི་སྨན་གཞུང་ཆེན་མོ་གསོ་རིགས་རྒྱུད་བཞི་བྱང་ཆ་ལྡན་པའི་ངང་ནས་བློར་བཟུང་བ་རེད། ཞོར་དུ་ཉེ་འགྲམ་གྱི་འབྲོག་པ་མང་ཚོགས་ཀྱི་ནད་ལ་བལྟས་པ་རེད། ལྷན་སྐྱེས་ཀྱི་བློ་རིག་ལ་བརྟེན་ནས། ལོ་འགའི་རྗེས་སུ་རྒྱུན་མཐོང་གི་ནད་རིགས་དག་གསལ་བོར་ངེས་བཟུང་བ་དང་། ནད་རིགས་སྣ་ཚོགས་ལ་བོད་ཀྱི་གསོ་རིགས་ཀྱིས་ཅི་ལྟར་སྨན་བཅོས་བྱེད་དགོས་པའི་ལག་རྩལ་གསལ་བོར་ངེས་རྗེས་དངོས་སུ་སྨན་བཅོས་བྱེད་མགོ་བརྩམས། དུས་ཡུན་རིང་པོའི་ཉམས་མྱོང་དང་ལག་རྩལ་ཇེ་མཐོར་སོང་བ་དང་བསྟུན་ནས། སྨན་པ་རྒྱ་མཚོ་བཙལ་ནས་སྨན་བཅོས་བྱེད་དུ་ཡོང་བའི་འབྲོག་པ་མང་ཚོགས་ཇེ་མང་ནས་ཇེ་མང་རེད།

སྨན་པ་རྒྱ་མཚོ་ལ་ཁྱེད་རང་ཅི་ལྟར་དཔའ་ལོང་རྫོང་ནས་ཐེམ་ཆེན་རྫོང་ལ་ཡོང་ཡིན་ཞེས་དྲིས་པ་ན། ཁོས་བཤད་རྒྱུར། གཅིག་དགུ་གོ་དྲུག་ལོར་སློབ་གྲོགས་ཤིག་གི་གདན་འདྲེན་ཞུས་པ་ལྟར་དཔའ་ལོང་རྫོང་ནས་ཐེམ་ཆེན་རྫོང་གི་འབྲོག་པ་མང་ཚོགས་ཀྱི་ནད་ལ་བལྟ་རུ་ཡོང་བ་ཡིན། མ་བསམ་ས་ནས་རང་ཉིན་ཐེམ་ཆེན་རྫོང་དུ་གཏན་སྡོད་བྱས་པ་ཡིན་ལ། ལོ་བཅོ་བརྒྱད་འགོར་སོང་ཟེར།

སྨན་ཁང་ནང་དུ་དུས་ཚོད་ནི་སྐད་ཅིག་ཙམ་ལ་ཅི་ལྟར་འདས་སོང་བ་མི་ཤེས། སྔ་དྲོའི་རིང་ལ་སྨན་པ་རྒྱ་མཚོ་ཡིས་ནད་པ་བཅུ་གཅིག་ལ་ནད་བརྟག་སྨན་བཅོས་བྱས་པ་རེད། ཆེད་དུ་དཔའ་ལུང་རྫོང་ཐོག་ནས་སྨན་པ་རྒྱ་མཚོ་བཙལ་ནས་སྨན་བཅོས་བྱེད་དུ་ཡོང་བའི་ཧོར་རིགས་ནད་པ་མེ་སི་གོ་ཡིས་བཤད་རྒྱུར། རྒྱ་མཚོ་ནི་མི་བཟང་ཞིག་ཡིན་ལ། ང་ཐོག་དང་པོར་གནས་འདིར་སྨན་བཅོས་བྱེད་དུ་ཡོང་བ་མིན། སྨན་པ་རྒྱ་མཚོ་ཡིས་ཁྱིམ་ཚང་ལ་དཀའ་ཁག་ཡོད་པའི་ནད་པར་སྨན་རིན་མི་ལེན་པ་རེད། ས་གཞན་དུ་རིན་མི་དགོས་པར་སྨན་བཅོས་བྱེད་ཀྱིན་ཡོད་པའི་གནས་ཚུལ་འང་ངའི་ཐོས་མྱོང་། འདི་ལྟ་བུའི་མི་བཟང་ལ་ང་ཚོ་ཡིད་ཆེས་ཡོད། རྗེས་མ་དཔའ་ལོང་རྫོང་ཐོག་ལ་ཡོང་སྟེ་ནད་བརྟག་སྨན་བཅོས་བྱེད་རྒྱུ་ནི་ང་ཚོའི་རེ་བ་ཡིན།

སྨན་པ་རྒྱ་མཚོས་བཤད་རྒྱུར། རིན་མི་དགོས་པར་བརྟག་དཔྱད་བྱེད་པ་ནི་ལོ་གཉིས་ཀྱི་རིང་ཐེངས་གཅིག་ཡིན་ལ། ཐེངས་སྔོན་མ་ནི་ཉིས་སྟོང་བཅུ་བཞི་ལོར་མཁར་གསར་གྲོང་རྡལ་གྱི་ཕྱུགས་ལས་ཁང་བཅུ་གཉིས་ཀྱི་མི་སྟོང་གཅིག་དགུ་བརྒྱར་གཅེས་སེམས་ཕུལ་བའི་བརྟག་དཔྱད་བྱ་འགུལ་སྤེལ། ད་ལོའི་བརྟག་དཔྱད་བྱ་འགུལ་ད་རུང་མགོ་བརྩམ་མེད་ཟེར།

སྨན་པ་རྒྱ་མཚོ་ཡིས་ལོ་མང་པོའི་རིང་གི་ཡོང་སྒོ་ཚང་མ་དཀའ་ཁག་ཆེ་བའི་འབྲོག་པ་མང་ཚོགས་ཀྱི་ནད་སྟོན་པའི་ཐད་བཀོད་པ་རེད། ཉིས་སྟོང་ལྔ་ལོ་ནས་ད་བར་དུ། ཁོས་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་སྟག་ལུང་ཞང་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སྦྲེལ་ནག་ཞང་། ཐེམ་ཆེན་རྫོང་འབྲུག་ཁྱུང་ཞང་དང་མཁར་གསར་གྲོང་རྡལ་སོགས་སུ་སྔ་གཞུག་དུ་འབྲོག་པ་མང་ཚོགས་སྟོང་དྲུག་བདུན་བརྒྱ་ལྷག་ལ་རིན་གོང་སྒོར་འབུམ་བདུན་དང་ཁྲི་ལྔ་ཡིས་སྨན་རྫས་བྱིན་པ་རེད། ལོ་མང་པོའི་རིང་ལ་རང་གི་ལས་རིགས་འདིའི་སྟེང་འབད་པ་ཆེན་པོ་བྱས་ཏེ་རིན་མི་དགོས་པར་ས་གནས་ཀྱི་འབྲོག་པ་མང་ཚོགས་ལ་རོགས་སྐྱོར་བྱས་པའི་མཛད་རྗེས་ཐེམ་ཆེན་རྩྭ་ཐང་ཀུན་དུ་ཁྱབ་འདུག

ཕྱི་དྲོའི་དུས་ཚོད་ལྔར་ཐོན་དུས། ནད་པ་མང་པོ་ཞིག་མེད་ལ། རྒྱ་མཚོས་བཤད་རྒྱུར། ཉིན་གཅིག་ལ་ཆེས་མང་ན་ནད་པ་བཞི་བཅུར་བལྟ་ཐུབ་པ་དང་། ཆེས་ཉུང་ན་མི་ཉི་ཤུ་ལྷག་ཡོད་ཟེར། བཅར་འདྲི་བྱེད་པའི་སྐབས་སུ། སྨན་པ་རྒྱ་མཚོ་ཡི་ཁ་པར་ཐེངས་མང་པོར་གྲགས་བྱུང་། ཁོས་གསར་འགོད་པར་བཤད་རྒྱུར། ཁོའི་ཁ་པར་ཨང་གྲངས་མི་ཀུན་གྱིས་ཤེས་ཡོད་ལ། གལ་ཏེ་རོགས་སྐྱོར་འདྲ་བྱེད་དགོས་ན། དཀའ་སྡུག་ཅི་འདྲ་ཆེ་ཡང་ཁོ་རང་ནད་པའི་ཁྱིམ་ལ་སོང་ནས་སྨན་བཅོས་བྱས་པ་ཡིན་ལ། ཉིས་སྟོང་གསུམ་ལོའི་སྔོན་ལ་རྟ་ཞོན་ཏེ་སོང་བ་ཡིན། རྗེས་སུ་འཕྲུལ་རྟ་ཞོན་ནས་སོང་བ་ཡིན་ཞེས་བཤད་བྱུང་།

དེང་སྐབས་སྨན་པ་རྒྱ་མཚོ་གླེང་དུས་ཀུན་གྱིས་བསྟོན་པའི་མཐེ་བོང་སྦྲེང་ཀིན་འདུག ཁོ་རང་ཐེམ་ཆེན་རྫོང་ཐོག་ནས་ལོ་ངོ་བཅུ་དགུ་འགོར་སོང་ལོ་ངོ་འདི་དག་གི་རིང་ལ་སྡེ་བ་དང་ཁྱིམ་ཚང་སོ་སོར་སོང་མྱོང་ཡོད་ལ། མཁར་གསར་གྲོང་རྡལ་གྱི་ལོ་བདུན་ཅུའི་ཡན་གྱི་ལོ་ལན་ཚང་མ་རིན་མི་དགོས་པར་སྨན་བཅོས་བྱས་པ་རེད། ཁོས་བཤད་རྒྱུར་རྗེས་ཕྱོགས་མུ་མཐུད་ནས་འབྲོག་པ་མང་ཚོགས་ལ་སྨན་བཅོས་བྱས་ཏེ་དཀའ་ཁག་ཅན་གྱི་ཁྱིམ་ཚང་ལ་རིན་མི་དགོས་པར་རོགས་སྐྱོར་བྱེད་རྒྱུ་ཡིན། ལོ་མང་པོའི་རིང་ལ། སྨན་པ་རྒྱ་མཚོ་ཡིས་དུས་གཏན་དུ་མང་ཚོགས་ལ་དོན་དངོས་བསྒྲུབ་རྒྱུ་དང་དོན་བཟང་བསྒྲུབ་རྒྱུ་ནི་སྨན་པ་ཞིག་གི་རིན་ཐང་ལྟ་བར་བཟུང་ནས་དོན་དག་བསྒྲུབས་པ་རེད། བཅར་འདྲི་མཇུག་རྫོགས་ལ་ཉེ་བའི་སྐབས་སུ། སྨན་པ་རྒྱ་མཚོའི་ཁ་པར་གྱི་སྒྲ་གྲགས་ཀྱིན་འདུག་ལ། ང་ཚོས་ཕན་ཚུན་ལ་བདེ་མོ་བཞག་རྗེས་སྨན་པ་རྒྱ་མཚོ་སྔར་བཞིན་རང་གི་ལས་ཀར་བྲེལ་གྱིན་འདུག

 

ལོ་ཙཱ་བ། ཚེ་མགོན་རྒྱལ།