དཀའ་ཐུབ་ཀྱི་དབུལ་སྐྱོར་གཏམ་རྒྱུད།
2016.06.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

ད་ལོ་ལོ་ཞེ་གཅིག་ཡིན་པའི་དཀའ་ཐུབ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆུ་དམར་ཧོ་ཞང་གི་ཏང་ཨུའི་ཧྲུའུ་ཅི་ཡིན་ལ། ཉེ་ལམ། ཁོས་གསར་འགོད་པར་ཐེངས་མང་པོར་དངུལ་བུན་བསྐྱིས་ནས“མར་གྱི་མཐུན་ཚོགས”བཙུགས་པའི་གཏམ་རྒྱུད་བརྗོད་བྱུང་།

གཏམ་རྒྱུད་དེ་ནི2011ལོ་ནས་བཟུང་བཤད་དགོས། སྐབས་དེར་དཀའ་ཐུབ་ཀྱིས་ཆུ་དམར་ཧོ་ཞང་གི་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར་མ་ཐག་ཡིན་ལ། སེམས་སུ་དབུལ་སྐྱོར་བྱ་བའི་ཁྲོད་དོན་དག་གལ་ཆེན་ཞིག་སྒྲུབ་དགོས་སྙམ། འདང་གང་མང་བརྒྱབ་རྗེས། ཕྱུགས་ལས་རྐྱང་བ་གཉེར་བའི་ཆུ་དམར་ཧོ་ཞང་གི“མར”ནས་མགོ་བརྩམས་ཏེ། “མར་གྱི་མཐུན་ཚོགས”དེ་ཞང་ནས་གསར་སྒྲུབ་བྱས།

བྱ་བ་སྒྲུབ་འདོད་པའི་བསམ་བློ་སྐྱེས་ཏེ་མྱུར་དུ་སྒྲུབ། འོན་ཀྱང་། དོན་དག་ཚང་མ་མགོ་རྩོམ་དཀའ་བ་རེད། རིམ་པ་བཞིན་མི་སྣ་སྐུལ་སློང་བྱས་ནས“མར་གྱི་མཐུན་ཚོགས”ཀྱི་བྱ་བའི་དཔུང་སྡེ་རྩ་འཛུགས་བྱས་པ་དང་། དུས་ཚོད་གཏན་འཁེལ་བྱས་ཏེ་འབྲོག་པ་རྣམས་ཀྱི་ལག་ནས་མར་ཉོ་བཞིན་ཡོད་ལ། འོན་ཀྱང་། ཉོ་སྒྲུབ་ཀྱི་མ་དངུལ་དེ་གནད་དོན་ཆེན་པོར་གྱུར་བྱུང་། འབྲོག་པ་རྣམས་ཀྱི་དངོས་པོ་ཉོ་ན་དུས་ལྟར་སྒོར་མོ་སྟེར་དགོས་པས། ཞང་ཐོག་ཏུ་ནོར་སྲིད་སྡེ་ཁག་གིས་གཞུང་སྒྲུབ་ཀྱི་གྲོན་དངུལ་སྟེར་བ་ལས་གཞན། མ་དངུལ་གྱི་ཡོངས་ཁུངས་གཞན་གཅིག་ཀྱང་མེད་ལ། མ་དངུལ་གྲབས་གསོག་བྱེད་པ་དེ་མཐུན་ཚོགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཁ་ཚ་དགོས་གཏུག་གི་གནད་དོན་དུ་གྱུར།

དཀའ་ཐུབ་མྱུར་དུ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་རུ་སོང་ནས་གནས་ཚུལ་གསལ་བཤད་བྱས་པས། མ་དངུལ་སྒོར་འབུམ་གཉིས་ཀྱི་དབུལ་སྐྱོར་མ་དངུལ་བརྩོན་ལེན་བྱས་པ་མ་ཟད། རང་གི་ཨ་ཁུ་ལ་མ་དངུལ་སྒོར་འབུམ་གཉིས་དང་ཁྲི་ལྔ་བསྐྱིས་པ་དང་། སྒོར་འབུམ་བཞི་དང་ཁྲི་ལྔའི་མ་དངུལ་ཡོད་པས། མར་ཉོ་བའི་འཆར་གཞི་མགོ་བརྩམས་རྒྱུ་གྲ་སྒྲིག་བྱེད་བཞིན་ཡོད་ལ། སྐབས་དེར་ཉོ་སྒྲུབ་བྱེད་པར་ཡང་གནད་དོན་བྱུང་། འབྲོག་པ་རྣམས་ཀྱིས་མར་རྡོག་ཆེན་པོ་གཅིག་ལས་ཡོད་ལ། འོན་ཀྱང་འཛད་སྤྱོད་པ་རྣམས་ཀྱིས་ཉོ་སྐབས་མར་རྡོག་ཆུང་ངུ་ཉོ་བཞིན་ཡོད། མར་རྡོག་ཆེན་པོ་རྣམས་ལག་པས་དུམ་བུ་ཆུང་ཆུང་དུ་གཏོང་མི་ཐུབ་ལ། དེ་དག་དུམ་བུ་ཆུང་ཆུང་དུ་གཏོང་སྐབས་ཀྱང་མར་མི་ཉུང་བ་ཞིག་ཆུད་ཟོས་སུ་གཏོང་སྲིད་པས། ཕྱིར་བཙོང་བྱེད་པར་གྱོད་གུད་ཆེན་པོ་ཐེབས་སྲིད།

དཀའ་ཐུབ་ཀྱིས་མར་རྡོག་ཆེ་བ་དག་ཆུང་ཆུང་དུ་བཏང་བ་མ་ཟད། ཐུམ་བརྒྱབ་ནས་ཚོང་རར་བཀྲམ། འོན་ཀྱང་། བོད་ཀྱི་སྲོལ་རྒྱུན་ལྟར་ན་མར་དེ་ནོར་ལུག་གི་གྲོད་པུའི་ནང་དུ་འཇོག་པས། འགྱིག་ཤོག་གིས་ཐུམ་བརྒྱབ་པ་དེ་འབྲོག་པ་མང་ཚོགས་ཀྱིས་རྒྱབ་སྐྱོར་མ་ཐོབ་པས། ཁོའི་བྱ་བ་དེ་མ་འགྲུབ་པ་རེད།

དཀའ་ཐུབ་ཀྱིས་ཕམ་ཁ་དང་ལེན་མ་བྱས་པས། ཞང་གི་ལས་བྱེད་མི་སྣ་དང་མཉམ་དུ་ཁྱིམ་ཚང་རེ་རེར་སོང་ནས་མར་གྱི་ཐུམ་བརྗེས་པའི་རྒྱུ་མཚན་དང་དམིགས་ཡུལ་བཤད་པ་དང་། ཐུམ་བརྒྱབ་རྗེས་ཀྱི་མར་གྱི་ཐོན་རྫས་རིན་གོང་དེ་ཚོང་རའི་རིན་གོང་ལྟར་ཉོ་སྒྲུབ་བྱས་པ་མ་ཟད། ཁེ་ཕན་བགོ་བཤའ་རྒྱག་པ་ཁག་ཐེག་བྱས། དེ་དང་ཆབས་ཅིག ཞང་སྡེའི་ལས་བྱེད་མི་སྣ་འགའི་སྣེ་ཁྲིད་དེ་ལྷ་ས་དང་ན་གོར་མོ། ནང་ཆེན་བཅས་སུ་སོང་ནས་མར་བཙོང་སའི་ཚོང་ར་བཙལ་བ་དང་། མར་ཕྱིར་བཙོང་གི་དྲིལ་སྒྲོག་བྱ་བ་སྤེལ། སྐོར་དང་པོར་ཉོས་པའི་མར་དེ་ཉིན་ཉི་ཤུའི་ནང་ཚང་མ་བཙོང་ཚར་བ་དང་། ཁེ་སྤོགས་སྒོར་ཁྲི་གཉིས་བླངས།

ཆ་རྐྱེན་འཛོམས་དུས་དོན་དག་སྒྲུབ་ཞེས་པ་ལྟར། ལོ་གཉིས་པར་དཀའ་ཐུབ་ཡང་གང་སར་བརྒྱུག་ནས་མ་དངུལ་བསྐྱིས་པ་དང་། མ་དངུལ་སྒོར་འབུམ་དྲུག་ལག་ཏུ་འབྱོར་རྗེས། ཆུ་དམར་ཧོ་རུ་ཞིང་ཆེན་ནས་བརྟག་དཔྱད་བྱེད་དུ་ཡོང་བའི་ཞིང་ཆེན་དམངས་སྲིད་ཐིན་ལ་མར་གྱི་མཐུན་ཚོགས་འཁོར་སྐྱོད་ཀྱི་གནས་ཚུལ་སྤྲད། མ་དངུལ་སྒོར་ས་ཡ་གཅིག་དང་ཁྲི་ལྔ་ཡི་རྒྱབ་སྐྱོར་ཐོབ་པ་དང་། མ་དངུལ་དེ་བཀོལ་སྤྱོད་བྱས་ནས། རྒྱ་ཁྱོན་ལ་སྤྱི་ཆིངས་གཅིག་ཡོད་པའི་མར་གྱི་མཐུན་ཚོགས་ཀྱི་སྟབས་བདེའི་བཟོ་གྲྭ་ལས་མགོ་བརྩམས། མཐུན་ཚོགས་ཀྱིས་མར་ཉོ་བའི་ཁྱབ་ཁོངས་དེ་ཆུ་དམར་ཧོ་ཞང་གི་སྡེ་བ་བཞིའི་རྨང་གཞིའི་སྟེང་། གཡུ་དགེ་ཞང་ལུང་དམར་སྡེ་བ་དང་། ལེབ་གཞུང་སྡེ་བ། འབའ་དགོན་ཞང་དམར་ཤུལ་སྡེ་བ། དེ་མིན་རྨ་སྟོད་ཞང་དྲག་རྒྱ་སྡེ་བ། འབྲི་སྟོད་རྫོང་བྲག་གུར་ཞང་གི་དམར་སུལ་སྡེ་བ་སོགས་ནས་ཉོ་མགོ་བརྩམས་ལ། ཐེངས་རེར་མཐུན་ཚོགས་ལ་མ་དངུལ་འཁོར་རྒྱུག་གི་གནད་དོན་བྱུང་ཚེ། དཀའ་ཐུབ་ཡར་རྒྱུག་མར་རྒྱུག་བྱས་ནས་མ་དངུལ་བསྐྱི་བཞིན་ཡོད།

མར་གྱི་མཐུན་ཚོགས་བཙུགས་པར་བསམ་ཚུལ་ག་འདྲ་ཡོད་པ་དྲིས་པ་ན། དཀའ་ཐུབ་ཀྱིས་གསར་འགོད་པར་བཤད་རྒྱུར། ས་གནས་མང་པོ་བརྒྱུགས་ནས་མི་ཅི་འདྲ་བཙལ་བ་མི་ཤེས་ལ། ཐེངས་རེར་མ་དངུལ་འཁོར་རྒྱུག་བྱེད་དཀའ་བའི་སྐབས་སུ། མཚན་གང་བོར་གཉིད་མི་ཁུག མ་དངུལ་བསྐྱིས་ནས་མར་གྱི་མཐུན་ཚོགས་བཙུགས་པས། ཉེ་འབྲེལ་རྣམས་ཀྱིས་ང་ལ་ཁ་ཡ་བྱེད་ཀྱིན་མེད། དགའ་འོས་པ་ཞིག་ལ་མ་རྩ་རྡིབ་མེད་ཟེར།

ལོ་གསུམ་གྱི་རིང་ལ། ཁྱིམ་ཚང་སྟོང་གཅིག་དང་སུམ་བརྒྱ་དོན་བཞིའི་མ་རྐང་བཞག་ཏེ་མཐུན་ཚོགས་ནང་ཞུགས་པ་དང་། བསྡོམས་པས་མ་དངུལ་སྒོར་འབུམ་གསུམ་གྱི་ཁེ་སྤོགས་བགོས། དེས་ཉེ་འགྲམ་གྱི་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱས་པ་མ་ཟད། མར་གྱི་མཐུན་ཚོགས་ཀྱི་ཚོང་རྫས་ཡང་ཚོང་རར་བཀྲམ།

གསར་འགོད་པས་གལ་ཏེ་མར་གྱི་མཐུན་ཚོགས་ཀྱི་མ་རྩ་རྡིབ་སོང་ན། བསྐྱིས་པའི་མ་དངུལ་དེ་དག་ལ་ཅི་བྱ་ཞེས་དྲིས་པ་ན། དཀའ་ཐུབ་ཀྱིས་དུས་ཡུན་རིང་བོར་ཁ་མ་གྲགས་ལ། མཐར་མཇུག་འདི་ལྟར་བརྗོད་བྱུང་། འབྲོག་པ་མང་ཚོགས་རྣམས་ལ་དོན་དག་སྒྲུབ་དགོས་ན། སྤྲོ་སེམས་དང་རང་ནུས་ཡོད་དགུ་བཏོན་ཏེ་བྱ་བ་སྒྲུབ་དགོས། དེ་ལྟར་མིན་ཚེ་ལེགས་འགྲུབ་འབྱུང་མི་སྲིད་ཟེར།
 

ལོ་ཙཱ་བ། ཤ་བོ་རིན་མཚོ།