གསེར་དངུལ་རྩྭ་ཐང་གི་སྨན་པ་བཟང་བོ།
2016.07.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

མཛེས་སྡུག་ལྡན་པའི་གསེར་དངུལ་རྩྭ་ཐང་དུ་ལས་རིགས་ཀུན་སྤྱོད་བརྩི་སྲུང་ནན་མོ་བྱེད་པ་དང་། དུས་ནམ་ཡང་མང་ཚོགས་ཀྱི་བདེ་ཐང་སེམས་སུ་ཉར་བའི་བོད་རིགས་སྨན་པ་ཞིག་ཡོད། ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། ཁོ་རང་རྐང་ཐང་དུ་མཚོ་བྱང་རྩྭ་ཐང་གི་ས་ཆ་ཡོངས་སུ་སོང་བ་དང་། རང་ཉིད་ཀྱི་རྔུལ་ཁྲག་འབྲོག་པ་མང་ཚོགས་ཀྱི་བདེ་ཐང་དང་འཛུམ་མདངས་ལ་བརྗེ་ཡོད། ཁོ་ནི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི“དཔེ་ལེགས་མི་སྒེར”དང་། སྐབས་ལྔ་བའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་མིང་འདོན་བྱ་དགའ་རུ་ཚུད། “པེ་ཆིག་ཨིན་བྱ་དགའ”ཐོབ་མཁན་མཚོ་བྱང་ཁུལ་བོད་སྨན་ཁང་གི་ཡོན་ཀྲང་། སྨན་པ་འབུམ་རམས་པ་གཞོན་པ་རིན་ཆེན་རེད། སྨན་བཅོས་ལག་རྩལ་ཕུལ་དུ་བྱུང་བ་དང་སྨན་པའི་ཀུན་སྤྱོད་མཐོ་བས། སྨན་པ་རིན་ཆེན་ལ་ས་གནས་ཀྱི་འབྲོག་པ་མང་ཚོགས་ཀྱིས་རྩྭ་ཐང་སྟེང་གི་ཨ་ཁུ་སྨན་པ་ཞེས་འབོད་བཞིན་ཡོད།

ང་ནི་རྩྭ་ཐང་གི་བུ་ཕྲུག་ཡིན།
1966ལོར། རིན་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་འབྲོག་ཁྱིམ་ཕལ་བ་ཞིག་ནས་སྐྱེས་པ་དང་། ཁོ་རང་ཆུང་དུས་ནས་ཚད་ལྡན་གྱི་སྨན་པ་ཞིག་བྱེད་པའི་ཕུགས་འདུན་ཡོད། ལོ་བཅུ་བདུན་ཡིན་པའི་ལོ་དེར། ཁོས་འདོད་པ་ལྟར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་སློབ་གྲྭའི་བོད་སྨན་འཛིན་གྲྭར་རྒྱུགས་འཕྲོད་པ་དང་། སློབ་མཐར་ཕྱིན་རྗེས་ཧེ་ཡན་རྫོང་ཝ་འཇོག་ཞང་འཕྲོད་བསྟེན་ཁང་ནས་བྱ་བ་སྒྲུབ། སྐབས་དེར་འཚོ་བར་དཀའ་ཁག་ཆེ་ལ་ཐབས་ཆག་ཡིན་པ་དང་། སློབ་ལ་དགའ་ཞིང་བརྩོན་པ་ཆེ་བའི་རིན་ཆེན་གྱིས་བོད་སྨན་གྱི་ལས་ལ་གཉེར་བའི་སྨན་པ་རྒན་པའི་མདུན་ནས་མུ་མཐུད་དུ་སློབ་སྦྱོང་བྱས་ལ། ཐབས་རྒྱ་ཇུས་སྟོང་གིས་བོད་སྨན་གྱི་གཞུང་ལུགས་དང་ནད་ཐོག་སྨན་བཅོས་ཀྱི་ལག་རྩལ་སྦྱངས་བ་དབྱིས་ཕྱིན་མཛད།

ལོ་ངོ་སུམ་ཅུ་ལྷག་ལ་སྨན་པའི་བྱ་བ་གཉེར་བས། རིན་ཆེན་ནད་ཐོག་ལག་ལེན་གྱི་ཐད་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་ལ། བོད་ཕྱི་ཟུང་འབྲེལ་གྱི་ཐབས་ལམ་ལ་བརྟེན་ནས་རྒྱུན་མཐོང་ནད་དང་བཅོས་དཀའ་བའི་ནད་རིགས་སྨན་བཅོས་བྱེད་བཞིན་ཡོད། ཁྱད་པར་དུ་བོད་སྨན་གྱི་མེ་བཙའ་དང་སྐམ་ཁབ། སྨན་འཐུང་བ་སོགས་ཟུང་འབྲེལ་བྱེད་པའི་ཐབས་ལ་བརྟེན་ནས། གྲུམ་བུའི་ནད་དང་དྲེག་ནད། གཟའ་གྲུབ། ཕྱེད་གྲིབ་ཕོག་པ། ཀླད་སྙིང་ཁྲག་རྩའི་ནད། མཆིན་པ་སྲ་འགྱུར་སོགས་བཅོས་དཀའ་བའི་ནད་རིགས་སྨན་བཅོས་བྱེད་བཞིན་ཡོད་པས། བོད་སྨན་གྱི་ལག་ལེན་ཁྲོད་རང་ལུགས་གསར་གཏོད་བྱས། ལོ་ངོ་སུམ་ཅུའི་རིང་ལ། ཁོས་མི་གྲངས་འབུམ་བཞི་ལྷག་ལ་སྨན་བཅོས་བྱས་མྱོང་ལ། སྔ་རྗེས་སུ་རྒྱལ་ཡོངས་འཕྲོད་བསྟེན་མ་ལག་སྔོན་ཐོན་མི་སྒེར་དང་། ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་མི་སྣ། སྔོན་ཐོན་བྱ་བ་སྒྲུབ་མཁན། མཚོ་སྔོན་ཞིང་ཆེན“སྨན་པ་མིང་གྲགས་ཅན་གྱི་དཔེ་མཚོན་མི་སྣ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཡང་མང་པོ་ཐོབ་མྱོང་།

1990ལོའི་ཟླ་བདུན་པར་གཟི་བརྗིད་ངང་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་རྗེས། རིན་ཆེན་གྱིས་དུས་རྒྱུན་གྱི་བྱ་བའི་ཁྲོད་ཏང་གཤིས་མ་དོར་བར་དཀའ་སྤྱད་འབད་བརྩོན་གྱིས་བྱ་བ་སྒྲུབ་བཞིན་ཡོད། མཚན་སྙན་ཕྱོགས་བཞིར་ཁྱབ་པ་དང་བསྟུན་ནས། རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་ནད་པ་རྣམས་ཀྱིས་ཁོ་རང་ཆེད་དུ་བཙལ་ཡོང་ནས་ནད་ལ་བལྟ་བཞིན་ཡོད། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་། ཟི་ལིང་གི་སྒེར་གཉེར་སྨན་ཁང་སྐོར་ཞིག་དང་། བོད་ལྗོངས་ཀྱི་བོད་སྨན་ཁང་སོགས་ཀྱིས་ཀྱང་ལོ་གཅིག་གི་གླ་ཕོག་སྒོར་ས་ཡ་གཅིག་དང་། རླངས་འཁོར། སྡོད་ཁང་། བོད་སྨན་བྱ་བ་སྒྲུབ་ཁང་སོགས་ཀྱི་ཆ་རྐྱེན་བསྐྲུན་ཏེ་ཁོ་རང་གདན་ཞུ་བྱས་ཀྱང་། ཁོས་དེ་དག་གཅིག་ཀྱང་དང་ལེན་མ་བྱས། ཁོས་བཤད་རྒྱུར། ང་ནི་མཚོ་བྱང་གི་རྩྭ་ཐང་ནས་ནར་སོན་པ་ཡིན་པས། གནས་འདིའི་ཆ་རྐྱེན་དཀའ་སྡུག་ཆེ་བས། ཆེད་ལས་ལག་རྩལ་གྱི་མི་མང་པོ་ཞིག་གནས་འདིར་འདུག་འདོད་མེད། རྩྭ་ཐང་གི་བུ་ཕྲུག་ཡིན་པའི་ཆ་ནས། ངས་གནས་འདིའི་མང་ཚོགས་ལ་ཞབས་ཞུ་སྒྲུབ་ཏེ། ཕ་ཡུལ་གྱི་གསོ་སྐྱོང་ལ་དྲིན་གཟོ་བྱེད་དགོས་ཟེར།

ཁོས་ནད་པ་དང་ཁྱིམ་མིར་འཚོ་བའི་རེ་བ་བསྩལ་ཡོང་།
རིན་ཆེན་གྱིས་དུས་རྒྱུན་ཉེ་འགྲམ་གྱི་ལས་གྲོགས་རྣམས་ལ་བཤད་རྒྱུར། “སྨན་པར་ངལ་གསོའི་ཉིན་མོ་ཡོད་རུང་། འོན་ཀྱང་། ནད་རིགས་ལ་དེ་ལྟ་བུའི་ངལ་གསོའི་ཉིན་མོ་མེད་པས། སྨན་པ་ཞིག་ལ་མཚོན་ན་སེམས་སུ་ངལ་གསོའི་དུས་སྐབས་དེ་ཉར་མི་རུང་།”ལོ་ངོ་མང་པོའི་རིང་ལ། རིན་ཆེན་གྱིས་དུས་ཚོད་ཉེར་བཞིའི་རིང་ལ་ཁ་པར་ཁ་མི་རྒྱག་པའི་གོམས་སྲོལ་ཡོད་པ་དང་། ཡུལ་དུ་ལོག་རྗེས་དུས་ངེས་མེད་དུ་སྒོ་ཕྱིར་འགྲོ་བའི་གོན་པ་དང་དངོས་རྫས་གྲ་སྒྲིག་བྱས་ཡོད། ཕྱི་རུ་སྨན་བཅོས་བྱེད་དུ་འགྲོ་བའི་མྱུར་སྐྱོབ་སྨན་རྫས་དང་ལག་ཆ་སྒོ་ཁར་བཞག་ཡོད། ནད་པ་རྣམས་ལ་ནམ་ཞིག་དགོས་མཁོ་ཡོད་ཚེ། ཁོས་ཕྱིར་བཤོལ་མི་བྱེད་པར་སྨན་བཅོས་བྱེད་དུ་འགྲོ་བཞིན་ཡོད།

ལོ་ཞིག་ལ་རླུང་གཡུག་པ་དང་ཁ་བ་འབབ་པའི་མཚན་མོ་ཞིག་ལ། བྲེལ་འཚུབ་སྒོས་སྒོ་རྡུང་བའི་སྒྲ་ཞིག་གིས་ཁྱིམ་དུ་ནད་གསོ་བྱེད་བཞིན་པའི་རིན་ཆེན་གཉིད་ལས་བསླངས། སྒོ་ཕྱི་རུ་ཡོང་བ་ནི་ཧེ་ཡན་རྫོང་ཝ་འཇོག་ཞང་མཚོ་ཆུང་སྡེ་བའི་བོད་རིགས་རྒན་པོ་ཞིག་ཡིན་ལ། རྒན་པོས་དབུགས་འཚང་བའི་སྒོ་ནས་བཤད་རྒྱུར། “སྨན་པ་རིན་ཆེན། མྱུར་དུ་ངའི་བུ་ལ་བལྟ་རོགས། ”སྐབས་དེར་རིན་ཆེན་ལ་ཚ་བ་རྒྱབ་ཡོད་ལ། གནས་ཚུལ་དྲིས་རྗེས། རང་ཉིད་ཀྱི་ན་ཚ་ཁ་ཡ་མ་བྱས་པར། གྲང་ངར་ཆེ་བའི་ནམ་ཟླའི་འོག་དུས་ཚོད་བཞི་ལྷག་ལ་རྟར་ཞོན་ནས་ནད་པའི་ཁྱིམ་དུ་ཐོན། བྱེད་ཐབས་མང་པོ་སྤྱད་དེ་སྨན་བཅོས་བྱས་རྗེས། ནད་པ་སྲོག་ཉེན་ལས་ཐར། ཕྱིར་ལོག་པའི་ལམ་བར་དུ་རིན་ཆེན་ཐང་ཆད་དྲག་པའི་རྟ་ཐོག་ནས་ས་ལ་འགྱེལ།

ཧི་ནན་ཞིང་ཆེན་ཀྲིན་ཀྲིག་གྲོང་ཁྱེར་གྱི་ལིས་ཉིན་ལ་རྩམ་ལོང་རྙིང་བའི་ནད་བྱུང་ཡོད་པ་དང་། ནད་ཀྱི་སྡུག་བསྔལ་གྱིས་ཁོ་མོར་སྨན་པ་སྟོན་པ་དང་འཚོ་འདོད་ཀྱི་རེ་བ་མེད་པར་གྱུར། 2014ལོར། གློ་བུར་བའི་གོ་སྐབས་ཤིག་ལ་ལིས་ཉིན་གྱིས་དྲ་ཐོག་ནས་སྨན་པ་རིན་ཆེན་གྱི་ཆ་འཕྲིན་མཐོང་རྗེས། ཚོད་ལྟ་ཞིག་བྱེད་བསམ་ནས་ཆེད་དུ་མཚོ་བྱང་ཁུལ་བོད་སྨན་ཁང་དུ་ཡོང་ནས་སྨན་བཅོས་བྱས། རིན་ཆེན་གྱིས་བོད་སྨན་དང་སྐམ་ཁབ། གཏར་ཁ་སོགས་ཀྱི་བྱེད་ཐབས་སྤྱད་པས། མོའི་ནད་གཞི་ཕན་ནུས་ཡོད་པའི་ཚོད་འཛིན་བྱས། རིན་ཆེན་ལ་བཀའ་དྲིན་ཞུ་ཆེད། ལིས་ཉིན་གྱིས་རང་ཉིད་ཀྱི་བཙས་མ་ཐག་པའི་བུ་མོའི་མིང་ལ་སྒྲོལ་མ་ཞེས་བཏགས་པ་དང་། དེ་ནི་ཁྱིམ་མི་གང་བོས་སྨན་པ་རིན་ཆེན་ལ་བཀའ་དྲིན་ཞུ་བའི་སེམས་མཚོན་བྱེད་རེད།

ཐེངས་གང་མང་ལ། རིན་ཆེན་གྱིས་འདི་ལྟར་རང་ཉིད་ཀྱི་སྨན་བཅོས་ལག་རྩལ་ཕུལ་དུ་བྱུང་བ་དང་སྨན་པའི་ཀུན་སྤྱོད་མཐོ་བ་ལ་བརྟེན་ནས། ནད་པ་དང་ཁྱིམ་མིར་འཚོ་བའི་རེ་སྣང་སྦྱིན།

བོད་སྨན་གསར་སྐྲུན་དང་དར་སྤེལ་བྱས་ཚུལ།

“མེ་ཏོག་རྐང་གཅིག་བཞད་པའི་དཔྱིད་ཀ་མིན། མེ་ཏོག་སྣ་བརྒྱའི་དཔྱིད་ཀྱི་དཔལ་ཡོན་བསུ།”

གཞི་རིམ་ཞང་གྲོང་གི་འཕྲོད་བསྟེན་ཁང་གི་སྨན་པ་ནས། མཚོ་བྱང་ཁུལ་བོད་སྨན་ཁང་གི་ཡོན་ཀྲང་དུ་གྱུར། རིན་ཆེན་གོམ་པ་རེ་རེ་བཞིན་མཚོ་བྱང་བོད་སྨན་གྱི་སྣེ་འདྲེན་མི་སྣར་གྱུར་ཡོད། ཁོས་གཙོ་ཁྲིད་འོག མཚོ་བྱང་ཁུལ་བོད་སྨན་ཁང་གིས་སྔ་རྗེས་སུ་གཏར་ཁ་རྒྱག་པ་དང་། བྱུག་སྐྱི། སྣུམ་བྱུག དྲོད་བྱུག་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་བྱེད་ཐབས་མང་པོ་དང་། སྨན་བཅོས་ནུས་པ་མཐོ་བ། དཔལ་འབྱོར་འགྲོ་གྲོན་མྱོང་བའི“གསར་བ་གསུམ”གྱི་ལས་གཞི་སྤེལ། «བོད་སྨན་གྱི་གཏར་ཁའི་བཅོས་ཐབས་ཀྱི་བཀོལ་སྤྱོད་བྱེད་ལུགས»སོགས་དཔྱད་བཅོས་ཆེད་སྤྱོད་ཀྱི་བཀོལ་སྤྱོད་བྱེད་ལུགས་བདུན་གཏན་འབེབ་བྱས་པ་དང་། བོད་སྨན་གཏར་ཁ་དང་སྐམ་ཁབ་ཀྱི་བཅོས་ཐབས་གསར་སྐྲུན་བྱས་པས། གྲུབ་འབྲས་མངོན་གསལ་བླངས། 2013ལོའི་ཟླ་བཅུ་བར། མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་བོད་སྨན་ཁང་དུ“རིན་ཆེན་བྱ་བ་སྒྲུབ་ཁང”ཞིག་བཙུགས་པ་དང་། རིན་ཆེན་གྱི་བོད་སྨན་གྱི་སྨན་བཅོས་ཉམས་མྱོང་དང་རིག་གཞུང་བསམ་བློ་སྤྱི་བསྡོམས་ཞིབ་འཇུག་དང་། ཁོའི་བོད་སྨན་གྱི་ནུས་ཐོན་བཅོས་ཐབས་དང་གསང་བའི་བཅོས་ཐབས་ལེགས་སྒྲིག་བྱས་ཏེ་ནད་ཐོག་སྨན་བཅོས་སྟེང་ལག་བསྟར་བྱེད་རྒྱུ་རེད། མིག་སྔར། རྒྱུད་འཛིན་དཔུང་སྡེ་རུ་མི་གྲངས་བཅོ་ལྔ་ཡོད་པ་དང་། ལས་ཁུངས་ཕྱི་ནས་སློབ་སྦྱོང་དུ་ཡོང་བའི་སློབ་མ་བརྒྱ་དང་བཅུ་སྣེ་ལེན་བྱས་པ་དང་། ཉིན་གཅིག་ལ་མི་གྲངས་ཉིས་བརྒྱ་ལྷག་ལ་སྨན་བཅོས་བྱེད་བཞིན་ཡོད།
 

ལོ་ཙཱ་བ། ཤ་བོ་རིན་མཚོ།