མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཀ་རིང་གཞུང་ཧུའེ་རིགས་ཞང་མིལ་ལྕེ་སྡེ་བ་རུ་མང་ཚོགས་ཀྱི་གུས་བཀུར་ཆེན་པོ་ཐོབ་པའི་ཧྲུའུ་ཅུ་བཟང་པོ་ཞིག་ཡོད་ལ། ཁོའི་མིང་ལ་དོན་གྲུབ་རྒྱལ་ཟེར།
དོན་གྲུབ་རྒྱལ་གྱིས2006ལོར་མིལ་ལྕེ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་ཁུར་བ་ནས་བཟུང་། ཏང་གི་དགོངས་དོན་ཁོས་ནམ་ཡང་སེམས་ལ་བརྟན་པོར་བཟུང་སྟེ་ལས་བཀུར་ལས་བརྩོན་དང་མང་ཚོགས་ཀྱི་འདོད་བློ་ལྟར་ཁོ་ཚོའི་དཀའ་གནད་རེ་རེ་ཐག་བཅད་པས། མང་ཚོགས་ཀྱི་སེམས་ནང་གི“ཧྲུའུ་ཅི་བཟང་པོ”ཞིག་ཏུ་གྱུར་ཡོད།
གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། དོན་གྲུབ་རྒྱལ་གྱིས་རང་ཉིད་ལ་བླང་བྱ་ནན་མོ་བཏོན་པ་དང་། དུས་རྟག་ཏུ་ཏན་ཏན་ཏིག་ཏིག་གིས་རང་གི་ལས་ཀ་བསྒྲུབས་ཤིང་དྲང་པོ་དྲང་གཞག་གི་མི་ཞིག་བྱ་རྒྱུའི་དྲན་སྐུལ་བྱས་ཏེ། ལོ་མང་པོའི་རིང་། ཞིང་ལས་ཐོན་སྐྱེད་དང་ངལ་རྩོལ་པ་ཕྱིར་གཏོང་བའི་ཐད་གྲུབ་འབྲས་འབུར་དུ་ཐོན་པ་བླངས། ལོ་འགའི་སྔོན་དུ། “འགན་གཙང་ལེན་དབང་ཆ་དེ་ཚོང་རའི་སྟེང་ཡོངས་གྲགས་ཀྱི་སྒོ་ནས་ཆེད་གཉེར་ཁྱིམ་ཚང་དང་ཁྱིམ་གཉེར་ཞིང་ར། ཞིང་པའི་མཉམ་ལས་ཁང་། ཞིང་ལས་ཁེ་ལས་བཅས་ཀྱི་ཁྲོད་འཁོར་རྒྱུག་བྱེད་པ་དང་། རྣམ་པ་མང་ཞིང་གཞི་ཁྱོན་ལྡན་པའི་བདག་གཉེར་བྱེད་སྟངས་འཕེལ་རྒྱས་སུ་འགྲོ་བར་སྐུལ་མ་གཏོང་བའི”སྲིད་ཇུས་བཟང་པོ་ལག་བསྟར་བྱེད་སྐབས། ཁོས་རང་གིས་མ་དངུལ་བཏང་ནས་བཞོན་མ་གསོ་སྤེལ་ར་བ་ཞིག་འཛུགས་སྐྲུན་བྱས་ཤིང་། “ཀུང་ཟི་དང་ཞིང་ཁྱིམ”གྱི་བདག་གཉེར་དཔེ་དབྱིབས་ལྟར་སྡེ་བའི་ནང་གི་ངལ་རྩོལ་པ་ལྷག་མ་སྡུད་ལེན་བྱས་ཏེ། སྡེ་བའི་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གང་ཐུབ་བྱས། སྡེ་མི་ཁ་ཤས་ཤིག་དཔལ་འབྱོར་ལ་དཀའ་ཁག་ཡོད་པའི་རྐྱེན་གྱིས་མ་རྐང་ནང་ཞུགས་ཐབས་བྲལ་བ་ཤེས་རྗེས། ཁོས་སྔར་བཞིན་དེ་ཚོར་མ་རྐང་བགོས་ཏེ་ཡུལ་མི་རྣམས་མཉམ་དུ་དབུལ་ཐར་ཕྱུག་བསྒྱུར་གྱི་ལམ་དུ་སྐྱོད་དུ་བཅུག
དོན་གྲུབ་རྒྱལ་གྱིས་མི་རིགས་སྲིད་ཇུས་ཀྱི་སློབ་གསོ་དེ་ཉིན་རྒྱུན་གྱི་ལས་ཀ་དང་འཚོ་བའི་ཁྲོད་ལག་བསྟར་བྱེད་རྒྱུར་གཙིགས་མཐོང་བྱས་ཏེ། ལོ་རེའི་མི་རིགས་མཐུན་སྒྲིལ་སློབ་གསོ་ཟླ་བའི་བྱ་འགུལ་ཁྲོད། ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་སྣ་ཚོགས་དྲིལ་སྒྲོག་ཡང་ཡང་བྱས་པར་མ་ཟད། རྒྱུན་དུ་མང་ཚོགས་ཁྲོད་སོང་ནས་ཁོ་ཚོར་བསམ་འཆར་དང་འདོད་བློ་ཅི་ཡོད་སེམས་ཞིབ་མོས་མཉན་པ་དང་། སེམས་ཤུགས་ཡོད་དགུ་བཏོན་ནས་ཁོ་ཚོའི་དཀའ་གནད་ཐག་བཅད་པ་རེད། ཁོས་དུས་ཡུན་རིང་པོར་ཁྱིམ་ཚང་བཞི་ལ་རོགས་སྐྱོར་བྱས་པ་དང་། དཔྱིད་ཀའི་ཞིང་འདེབས་པའི་སྐབས་སུ་ཁོ་ཚོར་རྫས་འགྱུར་ལུད་དང་ཞིང་ལས་རྒྱུ་ཆ་སོགས་སྐྱེལ་ལ། ཞིང་ལས་ལ་བྲེལ་དུས་ཁོ་ཚོར་ཞིང་ལས་ལས་རོགས་དང་དགུན་དུས་ཀྱང་ཁོ་ཚོར་རྡོ་སོལ་སྐྱེལ་བ་དང་དཀའ་ཁག་ཡོད་པའི་མང་ཚོགས་ལ་སྨན་པ་བསྟེན་རོགས་བྱས། ཁོས་སྤྲོ་སེམས་འཁོལ་བའི་ངང་ཕྱུག་བསྒྱུར་ལས་གཞི་བརྩོན་ལེན་བྱས་པ་དང་། ས་བོན་དང་གསོ་སྤེལ་ལས་རིགས་སྤེལ་རོགས་བྱས་པས། དབུལ་ཕོངས་ཁྱིམ་ཚང་གཉིས་རྩ་བ་ནས་དབུལ་ཕོངས་ལས་ཐར་དུ་བཅུག ཁོས་ད་དུང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་ཁོངས་མི་དང་ཆ་རྐྱེན་ཡོད་པའི་ཏང་ཡོན་གྱིས་རང་འགུལ་སྒོས་དཀའ་ཁག་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་ཞིང་། སྣེ་ཁྲིད་དེ་མ་དངུལ་དང་དངོས་པོའི་ཞལ་འདེབས་ཕུལ་བ་རེད།
རིགས་སོ་སོའི་མང་ཚོགས་རྣམས་མྱུར་དུ་ཕྱུག་བསྒྱུར་ལམ་དུ་སྐྱོད་དུ་འཇུག་ཆེད། དོན་གྲུབ་རྒྱལ་གྱིས་རང་ཉིད་ལོ་མང་པོར་ཕྱིར་སོང་ནས་ཡོང་སྒོ་བཙལ་བའི་ཉམས་མྱོང་དང་རང་སྡེ་བའི་གནས་ཚུལ་གཉིས་ཟུང་འབྲེལ་དམ་པོ་བྱས་ཤིང་། ལོགས་དཀར་གྱི་ས་བོན་དང་ནོར་ལུག་གསོ་སྤེལ། ངལ་རྩོལ་པ་ཕྱིར་གཏོང་བ་བཅས་ཞིང་པའི་ཡོང་སྒོ་ཇེ་མང་དུ་འགྲོ་བའི་ཐོན་ལས་གཙོ་བོ་གསུམ་དུ་བརྩིས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་བདེ་སྐྱིད་ཀྱི་འཚོ་བར་སྙེག་ཅི་ཐུབ་བྱས།
ལོ་མང་པོའི་རིང་། ཁོས་ཞིང་པ་ཁྱིམ་ཚང་རྣམས་ལ་སྐུལ་སློང་ཅི་ཐུབ་བྱས་ཏེ་འདེབས་འཛུགས་གྲུབ་ཚུལ་ལེགས་སྒྲིག་དང་། ཕན་འབྲས་མཐོ་བའི་དཔལ་འབྱོར་ལོ་ཏོག་བཏབ་ཅིང་རྒྱ་ཁྱོན་ལོ་རེ་བཞིན་ཇེ་ཆེར་བཏང་སྟེ། ལོག་དཀར་དང་ནས། གྲོ། འགྱིག་ཤོག་བཀབ་པའི་ཞོག་ཁོག་བཅས་ཀྱི་རྒྱ་ཁྱོན་ད་ལྟ་མུའུ་སྟོང་ལ་སླེབས། གསོ་སྤེལ་ལས་རིགས་ནི་མིལ་ལྕེ་སྡེ་བར་མཚོན་ན་སྲོལ་རྒྱུན་གྱི་ཐོན་ལས་ཤིག་ཡིན་མོད། རྒྱ་ཁྱོན་ཆུང་ཞིང་ས་བོན་ཪྙིང་པ་ཡིན་པའི་དབང་གིས་གཞི་ཁྱོན་ཆགས་དཀའ་བ་རེད། ཁོས་གསོ་སྤེལ་ཁྱིམ་ཚང་རྣམས་རྩ་འཛུགས་བྱས་ནས་ཕྱི་རུ་ལྟ་སྐོར་སློབ་སྦྱོང་བྱེད་དུ་སོང་བ་དང་། མིག་དཔེ་བསྟན་ནས་དཔེ་སྟོན་སྣེ་ཁྲིད་བྱས་པ་བརྒྱུད་ཁྱིམ་ཚང་སྔར་ལས་མང་པོས་གཞི་ཁྱོན་ལྡན་པའི་གསོ་སྤེལ་ལས་རིགས་གཉེར་བར་སྐུལ་ཁྲིད་བྱས།
ཁོ་པ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་འབད་བརྩོན་བྱས་འོག མིལ་ལྕེ་སྡེ་བར་ད་ལྟ་གསོ་སྤེལ་ཁྱིམ་ཆེན་བརྒྱད་ཡོད་པ་དང་། གསོ་སྤེལ་ལས་རིགས་དར་སྤེལ་བཏང་བ་ལས་དཔལ་འབྱོར་ཕན་འབྲས་ཇེ་མཐོར་བཏང་སྟེ་མང་ཚོགས་ལ་ཕན་དངོས་ཐོབ་ཏུ་བཅུག
དོན་གྲུབ་རྒྱལ་གྱིས་སྡེ་བའི་ནང་གི་མི་སྐོར་ཞིག་ལ་ས་ཞིང་ཉུང་བའི་ད་ཡོད་གནས་ཚུལ་ལ་གཞིགས་ནས། ངལ་རྩོལ་པ་ལྷག་མ་རྣམས་ཕྱི་རོལ་ཏུ་ཞོར་ལས་ལ་འགྲོ་བར་སྐུལ་སློང་བྱས་པར་མ་ཟད། རང་གིས་སྡེ་མི་སུམ་བརྒྱ་ལྷག་ཁྲིད་དེ་ཕྱི་རུ་ཞོར་ལས་སུ་སོང་བ་རེད།
ཁོས་རིགས་སོ་སོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་དཔལ་འབྱོར་གོང་དུ་སྤེལ་བ་དང་ཆབས་ཅིག ཧུར་ཐག་གིས་མང་ཚོགས་རྣམས་རྩ་འཛུགས་བྱས་ཏེ་སྡེ་བའི་ལམ་འགྲམ་གཉིས་ཀར་སྔོ་ལྗང་སྡོང་པོ་བཙུགས་ཤིང་། ཁོར་ཡུག་གི་གཙང་སྦྲར་དོ་དམ་ཞིབ་ཚགས་བྱས་པས། གྲོང་སྡེའི་མཐའ་འཁོར་དང་སྲང་ལམ་གྱི་བཙོག་ཉོག་ཞན་གསུམ་གྱི་རྣམ་པ་རྩ་བ་ནས་བསྒྱུར་ཏེ། ད་ལྟའི་མིལ་ལྕེ་སྡེ་བ་ནི་ཐོན་སྐྱེད་འཕེལ་རྒྱས་སུ་སོང་ཞིང་འཚོ་བ་སྐྱིད་པོ་ཡིན་པ། མི་རིགས་མཐུན་སྒྲིལ་དང་ཡུལ་སྲོལ་ཤེས་རིག་ལྡན་པ། སྡེ་བའི་རྣམ་པ་གྲ་དག་ཡིན་པ། སྡེ་དོན་དོ་དམ་དམངས་གཙོ་ཡིན་པ་བཅས་ཀྱི་མཛེས་པའི་ཡུལ་གྲོང་ཞིག་ཏུ་གྱུར་ཡོད། །
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།