ཚེ་བརྟན་སྒྲོལ་མ། དགེ་རྒན་ཞིག་གམ་ཡང་ན་མ་ཡུམ་ཞིག
2016.08.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 68

ལོ་སོ་བདུན་ཡིན་པའི་ཚེ་བརྟན་སྒྲོལ་མས་རང་གི་ཡིད་དུ་འོངས་བའི་ལང་ཚོ་དེ་རི་གྲོང་ལ་ཕུལ་ཟིན། མོ་ནི་རི་ཁུལ་སློབ་གྲྭའི་ཚབ་ཁྲིད་དགེ་རྒན་ཞིག་དང་སློབ་གྲྭ་དེའི་སློབ་གཙོ་ཡིན་ལ། སློབ་མའི་སེམས་ཁོང་ན་ཡལ་བ་མེད་པའི་མ་ཡུམ་ཞིག་ཀྱང་ཡིན།

ཉེ་ལམ་གསར་འགོད་པ་རླངས་འཁོར་དལ་གྱིས་བསྐོར་བཞིན་མཚོ་ཤར་གྲོང་ཁྱེར་ཡ་རྫི་ཟ་ལར་རིགས་རང་སྐྱོང་རྫོང་དུ་ཆས། དེ་ཡང་རྫོང་མཁར་ནས་རི་རྒྱུད་ཆེན་པོ་ཞིག་གི་ཕྱོགས་སུ་བསྐྱོད་པ་ན་གནས་དེར་བརྡ་རྟགས་ཅི་ཡང་མེད་པར་ཚེ་བརྟན་སྒྲོལ་མ་དང་འབྲེལ་གཏུག་བྱེད་དཀའ་བར་གྱུར། ཡང་བསྐྱར་ཕྱིར་རྫོང་མཁར་དུ་ལོག་ནས་རེ་སྒུག་མི་བྱེད་ག་མེད་བྱུང་། དུས་ཡུན་ཅུང་རིང་བོ་ཞིག་འགོར་བ་ན། ཚེ་བརྟན་སྒྲོལ་མ་རྫོང་མཁར་གྱི་བཞི་སྲང་ཆེན་མོའི་འདྲེས་མདོར་སླེབས། ངས་ཐོག་དང་པོར་ཁོ་མོ་མཐོང་བ་ཡིན་པས་ཕར་སོང་ནས་དགའ་བསུ་མཚོན་པའི་འཐམ་འཁྱུད་ཐེངས་ཤིག་བྱས།
ང་ཚོ་རྫོང་མཁར་དང་གྱེས་ནས་ཚེ་བརྟན་སྒྲོལ་མའི་སློབ་ཁྲིད་བྱེད་སའི་ཡ་རྫི་རྫོང་ཁ་ལུང་སློབ་ཁུལ་ལོ་བ་སློབ་ཆུང་དུ་འགྲོ་བར་གྲ་སྒྲིག་བྱས་ནས་རླངས་འཁོར་ཡང་བསྐྱར་རི་རྒྱུད་ཀྱི་ཕྱོགས་སུ་བསྐྱོད། དུས་ཚོད་སྐར་མ་ཉི་ཤུ་ལྷག་གི་ལམ་ཐག་བརྒྱུད་མཐར་ད་གཟོད་དམིགས་སར་འབྱོར་བྱུང་། ལོ་བ་སློབ་ཆུང་གི་མཐའ་སྐོར་ཡོངས་རྫོགས་ཞིང་བའི་ཁྱིམ་ཚང་གིས་བསྐོར་བ་དང་སློབ་མ་བདུན་གྱིས་སློབ་གྲྭའི་ར་སྐོར་ན་སྐྱིལ་ཀྲུང་དུ་བཙོག་ནས་ཕྱོགས་གཅིག་ནས་དཔེ་ཀློག་བྱེད་པ་དང་ཕྱོགས་གཅིག་ནས་དབྱུག་གུ་ཞིག་བཟུང་སྟེ་ས་ངོས་ལ་འབྲི་སྦྱོང་བྱེད་བཞིན་ཡོད། སློབ་ཁང་ནང་དུ་སློབ་མ་དག་གིས་དཔེ་ཆ་ཀློག་བཞིན་ཡོད།

2005ལོར་སློབ་ཆེན་མཐར་ཕྱིན་རྗེས་ཚེ་བརྟན་སྒྲོལ་མས་རང་ཡུལ་དང་ལེ་དབར་བཅུ་ལྷག་ཡོད་པའི་ལོ་བ་སློབ་ཆུང་དུ་ཚབ་ཁྲིད་དགེ་རྒན་བྱེད་པའི་ལས་རིགས་འདི་བདམས་པ་དང་། ཉིན་རྒྱུན་ཞོགས་པར་སྔ་མོ་ལངས་ནས་སྡེ་བ་དག་གི་ཁྱིམ་ལ་སོང་ནས་བྱིས་པ་དག་ལེན་པ་དང་ཉིན་གུང་ཁོ་ཚོར་ཟ་མ་སྐོལ་བ་སོགས་ཁོ་ཚོའི་འགྲོ་འདུག་ཉལ་གསུམ་ལ་བདག་སྐྱོང་བྱེད་རྒྱུ་དེ་ནི་ཚེ་བརྟན་སྒྲོལ་མའི་བསླབ་ཕྱིའི་བྱ་བ་གལ་ཆེན་ཞིག་ཏུ་གྱུར། གཟའ་མཇུག་ལ་ཚེ་བརྟན་སྒྲོལ་མས་རྐང་ཐང་དུ་ལོ་བ་སྡེ་བའི་རི་རྒྱུད་དེ་འཕྲེད་ཀྱིས་བཅད་ནས་ཕྱིར་རང་གི་ཕ་མ་གཉིས་ལ་ལྟ་རུ་ཡོང་བ་རེད། རི་ལམ་ཀྱག་ཀྱོག་ཆེ་བས་ནམ་རྒྱུན་སྤྱི་ལེ་ཉི་ཤུ་ལྷག་གི་ལམ་ཐག་བརྒྱུད་དགོས་པས། ཁོ་མོའི་ལྷམ་གོག་ཇི་འདྲའི་མང་པོ་ཞིག་ཟད་དུ་བཅུག་ཡོད་པ་སུས་ཀྱང་ཁ་ཚོན་གཅོད་དཀའ་བ་རེད།

2009ལོའི་དགུན་ཁའི་ཉིན་ཞིག་ལ་ཁ་བ་བསྟུད་མར་བབས་པས། ལོ་བ་སྡེ་བ་དེ་གངས་རིའི་ཞིང་ཁམས་ཤིག་ཏུ་གྱུར་མོད། འོན་ཀྱང་གཟའ་ཟླ་བར་ད་རུང་སློབ་ཁྲིད་བྱེད་དགོས་པའི་ཚེ་བརྟན་སྒྲོལ་མ་གཟའ་ཉི་མའི་ཕྱི་དྲོར་སློབ་གྲྭར་མི་འགྲོ་ག་མེད་བྱུང་། གྲང་ངར་ཧ་ཅང་ཆེ་ཞིང་ཁ་བའི་མཐུག་ཚད་ཁོ་མོའི་པུས་མོའི་བར་མཚམས་སུ་སླེབས། ཡིན་ཡང་ཁོ་མོས་ཁེར་རྐྱང་ངང་རི་ལམ་བརྒྱུད་དུས་གློ་བུར་དུ་རྐང་བ་མར་ཤུད་ནས་གཡང་གཟར་དུ་ལྷུང་། སྟབས་ལེགས་པ་ཞིག་ལ་སྡོང་བོ་ཞིག་གིས་ཁོ་མོའི་ཚེ་སྲོག་བསྐྱབས་པ་རེད། དེ་ལྟར་སྒྲོལ་མ་སྡོང་ཕྲན་ཞིག་ལ་འཐམས་ནས་སྲོག་བསྡོས་ཀྱིས་ཡར་འགོས་པས་ད་གཟོད་ཚེ་སྲོག་གི་འཇིགས་ཉེན་ལས་ཐར་བ་རེད། ཡིན་ཡང་ཚེ་བརྟན་སྒྲོལ་མར་མཚོན་ན་འདི་ལྟ་བུའི་འཇིགས་རུང་གི་བརྒྱུད་རིམ་ཐེངས་གང་མང་ཞིག་ལ་མྱངས་ཡོད་པ་རེད།

སློབ་མ་དག་གིས་དགེ་རྒན་སྒྲོལ་མ་ནི་ཁོ་ཚོས་མཐོང་བའི་དགེ་རྒན་དག་ལས་ཆེས་བཟང་བའི་དགེ་རྒན་ཞིག་ཡིན་ལ། ཁོ་མོས་ཁྱིམ་ཚང་དབུལ་བོ་དག་གི་སློབ་མ་ཚོར་སློབ་ཡོན་སྤྲད་པ་དང་ནད་ཕོགས་པའི་སློབ་མ་དག་ལ་སྨན་ཉོས་ནས་ནད་གསོ་བྱས་ཏེ་ཉིན་རྒྱུན་དུ་སློབ་མ་དག་ལ་འདུག་རོགས་བྱས་པས། སློབ་མ་དག་གིས་ནམ་རྒྱུན་ཁོ་མོར་ཧ་ཅང་དུང་བ་ཆེན་པོས་ཨ་མ་ཞེས་འབོད་པ་རེད།

ང་རང་ཞིང་གྲོང་དུ་སྐྱེས་ན་ཡང་ངས་ནམ་ཡང་རང་ཉིད་ལ་རང་དམན་ཅི་ཡང་བྱས་མ་མྱོང་། ལོ་བ་སྡེ་བར་ང་ལ་གྲུབ་འབྲས་མང་པོ་འཐོབ་མྱོང་པས། བདག་གི་རེ་བ་ནི་བྱིས་པ་གང་མང་ཞིག་རི་ཆེན་འདི་ལས་བརྒལ་ཏེ་ཕྱི་རོལ་གྱི་འཇིག་རྟེན་ལ་ལྟད་མོར་འགྲོ་ཐུབ་རྒྱུ་དེ་ཡིན་ཞེས་བཤད། ད་ལྟ་ལོ་བ་སློབ་ཆུང་དུ་ཁང་བ་གསར་བ་གྲལ་ཤར་གཅིག་ལས་ཡོད་པ་མ་ཟད། ལོ་བ་སྡེ་བར་ངོས་སྙོམས་པའི་ཨར་འདམ་གྱི་ལམ་ཞིག་ཀྱང་ཡོངས་འགྲུབ་བྱས་ཡོད།
 

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།