འཁང་ར་དང་ཕངས་སེམས་མེད་པའི་བཅའ་སྲུང་པ།
2016.08.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 47

“ང་ཚོ་སྤྱི་བདེ་ལས་བྱེད་མི་སྣ་ཞིག་ལ་མཚོན་ནས་བཤད་ན། གཅིག་ཏུ་ན་ལོ་ཆུང་ཞིང་། གང་སར་བྱ་བ་བསྒྲུབ་དགོས། རྒྱབ་ཁབ་ཀྱིས་གསོ་སྐྱོང་དང་མི་དམངས་ཀྱིས་གཉོར་སྐྱོང་བྱས་པས། བྱ་བ་མང་པོ་ཞིག་བསྒྲུབ་དགོས་ཀྱང་འོས་པ་ཞིག་རེད”ཞེས་པན་ཆེན་ཤིང་སྡེ་ཡི་སྤྱི་བདེ་མངག་གཏོང་ཁང་གི་མགོ་གཙོ་བསོད་ནམས་ཕུན་ཚོགས་ཀྱིས་དེ་ལྟར་བཤད།

མངག་གཏོང་ཁང་གི་མགོ་གཙོ་ཡིན་པའི་ཁོས་འོས་འགན་མ་འགྲུབ་པ་ཞིག་མེད་ལ། ལྷག་པར་དུ་ལོ་རེ་རེའི་སྤྱི་ཚོགས་འཚམས་འདྲིའི་སྐབས་སུ། ཁོས་སྤྱི་བདེ་མངག་གཏོང་ཁང་གི་དམངས་དམག་ཡོངས་ཀྱི་སྣེ་ཁྲིད་ནས་ཁོངས་གཏོགས་མངའ་ཁུལ་གྱི་བདེ་སྲུང་གཏན་འཇགས་བྱ་བའི་ཁྲོད་ནུས་ཤུགས་ཡོད་རྒུ་བཏོན་ཏེ་ཁོ་རང་ཉིད་ཀྱི་གཞི་རིམ་གྱི་ལོ་ངོ་མང་པོའི་ཉམས་མྱོང་དང་ཉིན་རྒྱུན་བྱ་བའི་ཁྲོད་བསགས་པའི་ཆ་འཕྲིན་གྱི་ཡོང་ཁུངས་ལ་བརྟེན་ནས་ཧུར་ཐག་གིས་བྱ་གཞག་སོ་སོ་དར་སྤེལ་བཏང་། ཐེངས་ཤིག་ལ་ཁོ་དང་ལས་གྲོགས་ཚོས་ཉིན་ལ་ཞག་མཐུད་དེ་བདེ་སྲུང་བྱ་གཞག་ཁྱབ་སྤེལ་དུ་བཏང་། ཐེངས་ཤིག་ལ་ཆང་འཐུང་ཞིག་གིས་ཟིང་ཆ་སློང་བའི་དོན་རྐྱེན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད། ཁོའི་ལག་པ་གཡས་པར་རྨས་ཕོག འོན་ཀྱང་ཁོ་ཚོ་ཆེས་བྲེལ་ཟིང་ཆེ་བའི་སྐབས་སུ་ཁེལ་འདུག་པས་ཁོས་རྨ་ཁར་སྟབས་བདེའི་གསོ་བཅོས་བྱས་རྗེས། མུ་མཐུད་དུ་ལས་གྲོགས་དག་དང་མཉམ་དུ་བྱ་བར་འབད་བརྩོན་བྱས། རྒྱུ་རྐྱེན་དེའི་དབང་གིས་རྨ་ཁ་རྣག་ནས་བསྟུད་མར་ཚ་བ་རྒྱས་ཏེ་ལག་པ་གཡས་བའི་དཔུང་བ་སྐྲངས་ཤིང་ན་བ་ཚད་མེད་སྐྱེས་ནས་ཐ་ན་བཟའ་བཏུང་གི་སྐབས་སུ་ཡང་རྒྱུན་པར་གོམ་ལོབས་སུ་སོང་མེད་པའི་ལག་པ་གཡོན་པས་ཐུར་མ་སྤྱོད་དགོས་པ་བྱུང་། ལས་གྲོགས་དག་གིས་གནས་ཚུལ་དེ་དག་མཐོང་རྗེས་སེམས་ཀྱིས་མ་བཟོད་པར་ཁོ་སྨན་ཁང་དུ་སོང་ནས་སྨན་བཅོས་བྱ་དགོས་པའི་སྐུལ་མ་ཡང་ཡང་བཏང་མོད། འོན་ཀྱང་ཁོས"ཉིན་འདི་དག་གི་རིང་ལ་ཚང་མ་བྲེལ་ཟིང་འདི་འདྲ་ཆེ་བས་ངས་བྲོས་བྱོལ་བྱ་མི་རུང་། གཉན་ཚད་སེལ་བའི་སྨན་ཞིག་འཐུང་ན་སྐྱོན་མེད། ཁོམ་ལོང་རེ་བྱུང་རྗེས་ད་གཟོད་བལྟ "ཟེར། རྗེས་སུ་མགོ་བ་དང་ལས་གྲོགས་དག་གིས་ཡང་ཡང་སྐུལ་མ་བྱས་རྗེས་ཁོ་ད་གཟོད་སྨན་ཁང་དུ་སོང་ནས་སྨན་བཅོས་བྱས་པ་ཡིན། སྨན་པས་བཤད་ན་ཁོའི་ནད་བབ་ཅུང་ཚབས་ཆེན་ཡིན་ལ། གལ་ཏེ་ད་ཉིན་གཅིག་ལྷག་འགོར་འགྱངས་བྱས་ཚེ་ཁྲག་སྲིན་གྱི་ནད་རྟགས་མངོན་ངེས་ཟེར། དེ་བས་སྨན་ཁང་གིས་ཞག་སྡོད་བྱས་ཏེ་སྨན་བཅོས་བྱ་དགོས་པའི་རེ་བ་བཏོན་མོད། འོན་ཀྱང་ཁོས་ཉིན་རྒྱུན་གནམ་ཁབ་བརྒྱབས་ཚར་མ་ཐག་ཕྱིར་མངག་གཏོང་ཁང་ལ་ལོག་ནས་ལས་གྲོགས་དག་དང་ལྷན་དུ་བྱ་བའི་སྟེང་གི་གྲོས་སྡུར་དང་བཀོད་སྒྲིག མཚན་མོའི་ཉེན་ཟོན་སྐོར་ཞིབ་བྱ་གཞག་བཅས་བསྒྲུབས་པ་ཡིན། ཚོར་སྣང་སྐྱེན་པའི་སྐབས་སུ་ཁོས་ན་བའི་ཟུག་གཟེར་ཁུར་དུ་བླངས་ནས་འོས་འགན་ལེགས་འགྲུབ་བྱས་པས་དོན་དངོས་ཀྱི་སྟེང་ནས་སྣེ་ཁྲིད་ཀྱི་མིག་དཔེའི་ནུས་པ་ཐོན། འདི་དག་ཡོད་ཚད་སྤྱི་བདེ་མངག་གཏོང་ཁང་གི་དམངས་དམག་ཡོངས་ཀྱི་མིག་ནང་དུ་ལྷུང་ཞིང་སེམས་ནང་དུ་བརྐོས། ཁོའི་སྤྱོད་ལམ་གྱིས་སྤྱི་བདེ་མངག་གཏོང་གི་དམངས་དམག་ཡོངས་ཀྱིས་བྱ་བར་འབད་བརྩོན་བྱེད་པའི་རྣམ་པར་སྐུལ་འདེད་བྱས་ཤིང་། སྤྱི་བདེ་མངག་གཏོང་ཁང་གི་དཔུང་སྡེ་ལ་མདུན་སྐྱོད་ལྷོད་མེད་བྱེད་པའི་སྙིང་སྟོབས་བསྩལ་ཅིང་གོང་བུ་གཅིག་ཏུ་བསྒྲིལ་ནས་སེམས་ཤུགས་དང་འཐབ་ཤུགས་མཐོར་འདེགས་སུ་བཏང་།

པན་ཆེན་ཤིང་སྡེ་མངག་གཏོང་ཁང་གི་མགོ་གཙོའི་འགན་ཁུར་བ་ནས་བཟུང་། ཁོས་རང་འགུལ་སྒོས་དམངས་དམག་དག་ལ་སྣེ་ཁྲིད་བྱས་ཏེ་མང་ཚོགས་ཀྱི་གྲོས་སུ་ཟབ་ཞུགས་བྱས་པ་དང།ནན་ནན་ཏིག་ཏིག་གིས"དམངས་ལ་འཚམ་འདྲི་"བྱེད་པ་དང་། ལྷག་བསམ་རྣམ་དག་གིས"དམངས་ཀྱི་འདོད་བློར་གསན་པ"དང "དམངས་ཀྱི་སེམས་ཁུར་སེལ་བ" འབད་བརྩོན་ཧུར་ལེན་སྒོས་"དམངས་ཀྱི་བདེ་འཇགས་སྲུང་བ"།བཅས་བྱས། ཁོས་ཁ་ཞེ་གཉིས་མེད་དང་བདག་གཞན་མཉམ་རྗེས་སྒོ་ནས་ས་གནས་ཏང་ཨུའི་སྲིད་གཞུང་དང་ཁོངས་གཏོགས་མངའ་ཁུལ་གྱི་མང་ཚོགས་རྒྱུས་ལོན་གཟབ་མོ་བྱས་ཏེ་ཁས་ལེན་མཛད་ཅིང་། བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་ནས་འཆམ་མཐུན་དང་བདེ་འཇགས་རྙེད། ཁོས་རང་ཉིད་ཀྱི་མི་རིགས་ལ་རང་སྐད་ཀྱིས་བརྡ་སྤྲོད་པའི་དགེ་མཚན་ལ་བརྟེན་ནས་དགོན་པ་དང་བོད་རིགས་མང་ཚོགས་ཀྱི་གྲོས་སུ་ཟབ་ཞུགས་བྱས་ཏེ་བྱ་གཞག་ཁྱབ་སྤེལ་དུ་བཏང་།རང་འགུལ་སྒོས་མང་ཚོགས་ཀྱི་དོན་དངོས་ལ་གཞིགས་ནས་དེ་དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཤད་དེ། མང་ཚོགས་ལ"ཁ་བྲལ་ལ་ངོ་རྒོལ་བྱེད་པར་མི་བུ་རེ་རེར་འགན་ཁུར་ཡོད་པ་དང་། བདེ་འཇགས་སྲུང་སྐྱོང་ནི་གླེང་མི་དགོས་པ་ཞིག་ཡིན་པ"འི་འདུ་ཤེས་ཆགས་སུ་བཅུག་སྟེ། འཆམ་མཐུན་བདེ་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་གི་མཁའ་དབུགས་ལེགས་པོ་བསྐྲུན་ནས་མང་ཚོགས་རྣམས་ལ་སྤྱི་ཚོགས་བདེ་སྲུང་གི་འདུ་ཤེས་བཟང་པོ་ཆགས་པར་སྐུལ་འདེད་ལེགས་པོ་བྱས།

2015ལོའི་ཟླ7པར། པད་ཆེན་ཤིང་སྡེ་གྲོང་རྡལ་གྱི་ཧྲེང་ཁེ་སྡེ་བའི་མང་ཚོགས་ག་གེ་མོདང་ག་གེ་མོའི་ཁྱིམ་ཚང་གཉིས་ཀྱིས་བཙོག་སེལ་སྒྲིག་ཆས་འཛུགས་པ་སོགས་ཀྱི་གནད་དོན་སྟེང་འགལ་ཟླ་བྱུང་པས། ཁྱིམ་ཚང་གཉིས་ཀྱིས་རྒྱུན་པར་ཁ་རྩོད་བྱེད་པ་དང་ཐ་ན་སྐབས་ལན་རེར་ལག་ཀྱང་ཐུག་པ་ཡིན། དེ་བས་ཁྱིམ་ཚང་གཉིས་ཀྱི་འགལ་ཟླའི་གནད་དོན་ཇེ་དྲག་ནས་གཏིང་ཇེ་ཟབ་ཏུ་ཕྱིན། གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས་བསོད་ནམས་ཕུན་ཚོགས་ཀྱིས་དམངས་དམག་གི་སྣེ་ཁྲིད་དེ་བརྩེ་བ་ལྡན་ལ་གནས་ལུགས་ཀྱིས་ཕྱུག་པའི་སྒོ་ནས་ཐེངས་གང་མང་ཞིག་ལ་རང་འགུལ་སྒོས་ཁྱིམ་ཚང་གཉིས་ལ་སོང་ནས་འགལ་བ་བསལ་ཏེ་ལྷག་བསམ་རྣམ་དག་གིས་ཕྱོགས་གཉིས་འདུམ་འགྲིག་ཡོང་བར་ཐོག་མར་རང་སྟེང་ལ་དཔེ་བླངས་ནས་གཞན་གྱི་ཚོར་འདུ་ཤེས་སུ་བཅུག་སྟེ་ཕན་ཚུན་མཐུན་ཐབས་དང་ཕན་ཚུན་ལ་རྒྱུས་ལོན་བྱས་བྱེད་པའི་གྲུབ་འབྲས་ལ་གཞིགས་ནས། མཇུག་མཐར་ཕྱོགས་གཉིས་ཀྱིས་རང་རང་གི་ནོར་འཁྲུལ་ཤེས་རྗེས་ཕན་ཚུན་ལ་དགོངས་དག་ཞུས་ནས་སྔོན་ཆད་ཀྱི་བརྩེ་བ་སླར་གསོ་བྱས།

བྱ་བའི་ཁྲོད་དུ། ཁོས་མགོ་མཇུག་བར་གསུམ་དུ་དམངས་ལ་བརྩེ་སེམས་ལྷད་མེད་བཅངས་ནས་དམངས་འགན་ཁུར་བ་དང་དམངས་ཀྱི་ཁེ་ཕན་དང་འབྲེལ་བའི་དོན་དག་མང་པོ་བསྒྲུབས་ལ། དུས་ནམ་ཡང་མང་ཚོགས་སེམས་ལ་བཟུང་ནས་གནས་དུས་ངེས་མེད་དུ་མང་ཚོགས་བསམ་པ་ཡིན། མགོ་མཇུག་བར་གསུམ་དུ་མང་ཚོགས་ཀྱི་ཁེ་ཕན་ནི་ཡོད་ཚད་ལས་ལྷག་ཅིང་རང་ནུས་ཡོད་རྒུ་བཏོན་ཏེ་མང་ཚོགས་ལ་བྱ་བ་ལེགས་པོར་སྒྲུབ་པ་དང་དོན་དངོས་སྒྲུབ་པ། དཀའ་ཁག་སེལ་བ་བཅས་བྱས་ནས་དོན་དངོས་ཀྱི་སྟེང་ནས་བྱ་བ་མཐའ་དག་དམངས་ཀྱི་སེམས་སུ་འཇགས་ཐུབ་པ་ཞིག་བསྒྲུབས་ནས་མང་ཚོགས་ཀྱི"སེམས་ངོར་འཕྲོད་པའི་མི་"དང་"སྐྱོབ་པའི་ལྷ"ལྟ་བུར་གྱུར། ཁོས་ད་དུང་དྭ་ཕྲུག་དང་ལོ་ལོན་བདག་མེད། དབུལ་ཕོངས་ཁྱིམ་ཚང་། ཕྱི་ནས་ཡོང་བའི་ཞོར་ལས་བ་སོགས་ལ་བྱམས་སྐྱོང་བྱེད་པ་དམིགས་སར་བཟུང་ནས་མི་རེ་རེར་ངེས་པར་དུ་འཚམས་འདྲི་བྱེད་པ་དང་དཀའ་ཁག་ལ་འཕྲད་ཚེ་ངེས་པར་དུ་རོགས་རམ་བྱེད་དགོས། ནམ་ཡིན་ཡང་མང་ཚོགས་ཀྱི་བརྩེ་བ་ཟབ་མོ་སེམས་སུ་བཟུང་ནས་མང་ཚོགས་ལ་འཚམས་འདྲི་དང་། རོགས་རམ་བྱེད་པ་བཅས་བྱས་ནས་རྟག་ཏུ་མང་ཚོགས་ཀྱི་བདེ་སྡུག་དང་དགའ་སྐྱོ་སེམས་སུ་བཅངས་ལ། གནས་གང་དུ་སོང་ཡང་ཁོ་ཚོའི་དཀའ་སྡུག་བསལ་ནས་བརྩེ་སེམས་དང་ལྷག་བསམ་བསྐྱེད་དེ་ཁོངས་གཏོགས་མངའ་ཁུལ་གྱི་མང་ཚོགས་རེ་རེ་ལ་སེམས་འགུལ་ཐེབས་སུ་བཅུག་ནས་ཁོངས་གཏོགས་མངའ་ཁུལ་གྱི་མང་ཚོགས་ཚང་མའི་ཁས་ལེན་ཐོབ། འདུ་ཤེས་ལེགས་པོ་ཞིག་ལྡན་པ་ནི་བྱ་གཞག་ཡོད་ཚད་ལེགས་འགྲུབ་ཡོང་བའི་སྔོན་འགྲོ་དང་སྒུལ་ཤུགས་ཡིན་ལ། བསོད་ནམས་རྡོ་རྗེ་ལས་རྐང་འདིའི་སྟེང་དུ་དཀའ་ངལ་ལ་ཐུག་ཀྱང་ནམ་ཡང་མདུན་སྐྱོད་བྱེད་པ་དང་བྱ་གཞག་མཐའ་དག་ལ་དགའ་མགུ་ཡི་རངས་བྱས་ཏེ། དོན་དངོས་ཀྱི་དགོས་མཁོར་གཞིགས་པའི་བྱ་བའི་རྣམ་འགྱུར་བཟུང་ནས་རང་ནུས་ཡོད་རྒུ་བཏོན་ཏེ་བདེ་འཇགས་བྱ་བ་བསྒྲུབས་ཤིང་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་བཟུང་སྟེ་རྟག་ཏུ་མང་ཚོགས་དང་སེམས་པ་འདྲེས་ནས་དོན་དངོས་ཀྱིས་བདེ་འཇགས་བསྲུངས།

ཡིག་སྒྱུར་བ། བསོད་ནམས་བཀྲ་ཤིས།