ཕ་ཡུལ་མི་དམངས་ལ་བཅངས་བའི་བརྩེ་སེམས།
2016.08.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 37

ང་ནི་འབྲོག་པའི་བུ་ཕྲུག་ཡིན། རོང་འབྲོག་ཁུལ་གྱི་མང་ཚོགས་ལ་བརྩེ་དུང་ཟབ་མོ་ཡོད། རོང་འབྲོག་པ་མང་ཚོགས་ལ་བྱ་བ་ཉུང་ཙམ་རེ་སྒྲུབ་ཐུབ་པ་བྱུང་ན་དེ་ནི་ངའི་བདེ་སྐྱིད་ཅིག་ཏུ་བརྩི་བཞིན་ཡོད། ང་ནི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པས། ཏང་གི་ལས་དོན་ལ་དགའ་ཞེན་དང་ཏང་དང་མི་དམངས་ལ་ཞབས་འདེགས་ཞུ་བར་རྒྱུན་འཁྱོངས་ལྷོད་མེད་བྱེད་རྒྱུ་ནི་ངའི་ཕུགས་མདུན་ཡིན། འདི་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཅུའི་ཅུས་ཀྲང་ཚེ་རིང་བཀྲ་ཤིས་ཀྱི་སེམས་ཁོངས་ནས་བརྡོལ་བའི་སྐད་ཆ་རེད།

ཚེ་རིང་བཀྲ་ཤིས་ཡུས་ཧྲུའུ་ཁུལ་ཆུ་དམར་ལེབ་རྫོང་གི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས་ཤིང་། ལོ་ཉེར་དྲུག་གི་སྔོན་ལ་ཁོས་ཁུལ་ཡོངས་ཀྱི་རྒྱུགས་འབྲས་ཨང་དང་པོས་མཚོ་སྔོན་མི་རིགས་སློབ་གླིང་དུ་རྒྱུགས་འཕྲོད་དེ་ས་གནས་དེའི་སློབ་གྲྭ་ཆེན་མོ་བ་དང་པོར་གྱུར། ལོ་དྲུག་གི་སྔོན་ལ། ཁོས་ཡུས་ཧྲུའུ་ཡི4.14ས་འགུལ་གྱི་གནོད་ཤུལ་བསྐྱར་འཛུགས་ཁྲོད་ལས་འགན་ལྗིད་མོ་ཕྲག་ཏུ་བླངས་བས། རྒྱལ་ཁབ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཨུ་ཡོན་ལྷན་ཁང་། བཅིངས་འགྲོལ་དམག་སྤྱིའི་ཆབ་སྲིད་པུའུ་བཅས་ཀྱིས་ཡུས་ཧྲུའུ་ས་འགུལ་གྱི་གནོད་ཤུལ་བསྐྱར་འཛུགས་སྔོན་ཐོན་མི་སྒེར་གྱི་མཚན་སྙན་གནངས།

ལོ་གསུམ་གྱི་གནོད་ཤུལ་བསྐྱར་འཛུགས་བྱ་བ་ཡོངས་འགྲུབ་བྱས་རྗེས། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཞིང་དོར་ཕྱུགས་བསྐྱུར་གྱི་སྣང་ཚུལ་ཚབས་ཆེ་བ་དང་། ཕྱུགས་ཁྱུའི་གྲུབ་ཚུལ་ལུགས་མཐུན་མིན་པ། ཕྱུགས་རྒྱུད་ཉམས་པ། ཕྱུགས་ཟོག་གསོ་ཁ་ནས་བུད་ཚད་དམའ་བ་སོགས་ཀྱི་ཞིང་ཕྱུགས་ལས་ཀྱི་གནས་བབ་ལ་དམིགས་ཏེ། ལོ་གསུམ་གྱི་ནང་རྨང་གཞི་འདིང་བ་དང་ལོ་ལྔ་ཡི་ནང་ཕན་འབྲས་ལེན་པ། ལོ་བདུན་གྱི་ནང་ཕན་འབྲས་ཆེན་པོ་ཐོབ་པར་བྱས་ཏེ་ཕྱུགས་ལས་ཀྱི་ཁུལ་ཆེན་པོ་ཡང་བསྐྱར་དར་སྤེལ་བྱེད་པའི་དམིགས་འབེན་བླང་བྱ་བཏོན། སྐབས་ཐོག་དེར་ཚེ་རིང་བཀྲ་ཤིས་ཀྱིས་ཁུལ་ཞིང་ཕྱུགས་ཅུའི་ཅུས་ཀྲང་གི་འགན་འཁུར་ཡོད་ལ། ཁོས་མིག་མདུན་གྱི་དཀའ་ཁག་དང་གནད་དོན་ལ་མ་སྐྲག་པར་དཔའ་སྤོབས་ཆེན་པོས་གོང་གིས་བཏོན་པའི་བྱ་བ་སྣ་ཚོགས་ལེགས་སྒྲུབ་བྱས།

ཚེ་རིང་བཀྲ་ཤིས་ཞང་གྲོང་དང་སྡེ་བ། ཧྲེ། རོང་འབྲོག་ཁྱིམ་ཚང་བཅས་སུ་སོང་ནས་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། ཡུས་ཧྲུའུ་ཡི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏན་ཁེལ་བྱས་པར་མ་ཟད། ཕན་ནུས་ལྡན་པའི་ཡིག་ཆ་དང་བྱེད་ཐབས་རབས་དང་རིམ་པ་ཞིབ་འཇུག་གཏན་ཁེལ་བྱས། ཁོས་ད་རུང་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་དམིགས་ཚད་གསལ་བོ་བྱས་ཏེ། ཧུར་ཐག་གིས་ལས་གཞི་ལག་བསྟར་བྱས་པ་དང་། ལོ་འཁོར་གྱི་འགན་འཁྲི་ཡི་གེ་བཀོད་དེ་རིམ་པ་བཞིན་ལག་བསྟར་དང་དངོས་འབེབས་བྱས།

ཚེ་རིང་བཀྲ་ཤིས་ཀྱི་སྣེ་ཁྲིད་དང་སྐུལ་འདེད་འོག ཡུས་ཧྲུའུ་ཁུལ་གྱིས་ཁྱིམ་ཚང་གི་ཕྱུགས་ར་བརྒྱ་ཐམ་པ་དང་འདེབས་འཛུགས་གསོ་སྤེལ་ཁྱིམ་ཚང་བརྒྱ་ཐམ་པ་གསོ་སྐྱོང་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱིས་ཞིང་འདེབས་ཕྱུགས་སྐྱོང་གི་བརྩོན་སེམས་སྐུལ་སྤེལ་བྱས་ཤིང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ལྡན་པའི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཅོ་བརྒྱད་གསོ་སྐྱོང་བྱས་ཏེ། ཕྱུགས་ལས་བདག་གཉེར་དཔེ་དབྱིབས་མགྱོགས་མྱུར་སྒོས་ལེགས་བསྒྱུར་བྱས། ཤུགས་ཆེན་པོས་སྒྲིག་ཆས་ཞིང་ལས་གོང་དུ་སྤེལ་ཏེ། དྲོད་ཁང་དུ་སྔོ་ཚོད་འདེབས་ཚད་ཇེ་མང་དུ་བཏང་། མིང་གྲགས་ཐོན་རྫས་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་ཀྱི་ས་གཤིས་མཚོན་རྟགས་ལྔའི་རྒྱལ་ཁབ་རིམ་པའི་ཆེད་མཁས་པའི་དཔྱད་ཞིབ་དང་ཁས་ལེན་བྱ་བ་ནན་ནན་ཏིག་ཏིག་གིས་སྤེལ། སྣེ་ཁྲིད་དེ་གསར་སྒྲུབ་བྱས་པའི་ནོར་གནག་རིག་གནས་དུས་ཆེན་དང་དབྱར་རྩྭ་དགུན་འབུའི་རིག་གནས་དུས་ཆེན་དེ་ཁུལ་ཡོངས་ཀྱི་ལོ་རེའི་བྱ་འགུལ་ཆེན་པོར་གྱུར། ལོ་གཉིས་ལྷག་གི་རིང་ལ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཡུས་ཧྲུའུ་ཁུལ་གྱི་ཞིང་ཕྱུགས་ལས་ཐད་མུ་མཐུད་དུ་འཕེལ་རྒྱས་ཆེན་པོ་བྱུང་།

ཏང་འཛུགས་བྱ་བའི་འགན་ཁུར་པ་དང་པོ་ཡིན་པའི་ངོས་ནས། ཚེ་རིང་བཀྲ་ཤིས་ཀྱིས་མགོ་མཇུག་བར་གསུམ་དུ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བླང་བྱ་དང་ཁུལ་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལྟར། ཏང་འཛུགས་བྱ་བའི་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་པ་དེ་བླ་ན་མེད་པའི་འགན་འཁྲི་ཞིག་ཏུ་བརྩིས་ཏེ། ཏང་འཛུགས་སྐྲུན་གྱི་བྱ་བ་སྣ་ཚོགས་སྤེལ་བའི་ཁྲོད་ལས་གནས་གཅིག་དང་འགན་འཁྲི་ཟུང་གི་འགན་འཁྲི་ལམ་ལུགས་ལག་བསྟར་རྒྱུན་འཁྱོངས་བྱས་པ་དང་། ཏང་འཛུགས་བྱ་བ་དང་ལས་སྒོའི་བྱ་བ་གཉིས་མཉམ་དུ་བཀོད་སྒྲིག་དང་མཉམ་དུ་སྐུལ་འདེད་བྱས་ཏེ། ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་ལྷོད་མེད་བྱས། ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་སྡེ་ཁག་ཏུ་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་སྡེ་ཁག་གིས་ནན་གསུམ་གནད་གསུམ་ལག་ལེན་གྱི་སྔོན་ཐོན་མིག་དཔེ་དང་རྒྱལ་ཡོངས་ཀྱི“ནུབ་རྒྱུད་གཟི་འོད” ཅེས་པའི་ཕུལ་བྱུང་ཤེས་ཡོན་ཅན་སོགས་སྔོན་ཐོན་ཐུན་མོང་དང་མི་སྒེར་སྐོར་ཞིག་བྱུང་།

ཁུལ་ཞིང་ཕྱུགས་ཅུའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་སྲིད་འཛིན་མགོ་གཙོ་ཡིན་པའི་ངོས་ནས། ཚེ་རིང་བཀྲ་ཤིས་ཀྱིས་རང་ཉིད་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། འབད་བརྩོན་སྒོས་བྱ་བ་སྣ་ཚོགས་ལེགས་སྒྲུབ་བྱས་ནས་མིག་དཔེའི་ནུས་པ་བཏོན། ཁོས་ནམ་ཡང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་སེམས་ལ་དམ་པོར་བཅངས་ཏེ། གཞི་རིམ་དུ་སོང་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། མང་ཚོགས་ཀྱི་མིག་ལམ་དུ་དུས་ནམ་ཡང་ཚེ་རིང་བཀྲ་ཤིས་ནི་དཔོན་ཚུགས་མེད་པའི་སྤྱིར་བཏང་གི་འབྲོག་མི་ཕལ་བ་ཞིག་ཡིན།

ནམ་རྒྱུན་གྱི་བྱ་བ་དང་འཚོ་བའི་ཁྲོད་དུ། ཚེ་རིང་བཀྲ་ཤིས་ཀྱིས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་དང་མགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་འཛིན་གྱི་གཏན་ཁེལ་སྣ་ཚོགས་ལག་བསྟར་ནན་མོ་བྱས་ཏེ། སྤྱོད་གཙང་རང་གཅུན་དང་ཁེ་གྲགས་ལ་མི་ལྟ་བ། གཞུང་གི་རླངས་འཁོར་སྒེར་སྤྱོད་མི་བྱེད་པ། ལྐོག་དངུལ་མི་ལེན་པ། རོལ་རྩེད་ཁང་སོགས་སུ་མི་འགྲོ་བར། གསར་བརྗེའི་སྲོལ་རྒྱུན་ལེགས་པོ་དང་གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་སྲུང་འཛིན་བྱས།

ལོ་ཙཱ་བ།སྒྲོལ་མ་སྐྱིད།