ཞིང་སྡེ་ནས་ལོ་ངོ་བཅོ་བརྒྱད་ལ་དགེ་རྒན་བྱས་པའི་དབང་ལྡན།
2016.08.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 28

དུས་ཚོད་བརྒྱད་ཀྱི་རིང་ལ་རླངས་འཁོར་དུ་ཡམ་ཡོམ་གྱིས་སོང་མཐར། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་རྒྱ་འདུ་སློབ་ཆུང་དུ་སླེབས། དེ་ནི་ཞིང་སྡེའི་དགེ་རྒན་དབང་ལྡན་གྱིས་ལོ་ངོ་བཞི་ལ་དགེ་རྒན་བྱས་པའི་གནས་རེད།

རྒྱ་འདུ་སློབ་ཆུང་ནི་བལྟས་ན་ཧ་ཅང་ཐབས་ཆག་ཅིག་རེད། སློབ་གྲྭའི་ནང་དུ་སློབ་མ་ཚོས་དབང་ལྡན་གྱི་མཐའི་བསྐོར་ནས། ཁ་ཤས་ཀྱིས་ཁོའི་དཔུང་བ་སྐྱོར་ཡོད་ལ། ཁ་ཤས་ཀྱིས་ཁོའི་གྱོན་པའི་ཟུར་ཞིག་བཟུང་ཡོད། དབང་ལྡན་ནི་བྱིས་པ་ཚོའི་དབྱིན་ཡིག་གི་དགེ་རྒན་ཡིན་ལ། ཁོ་ཚོའི་སློབ་གཙོའང་རེད།

1998ལོར། སློབ་ཆེན་ནས་མཐར་ཕྱིན་རྗེས་དབང་ལྡན་རང་གི་ཕ་ཡུལ་དུ་ལོག་སྟེ་ཐུན་རིན་རྫོང་ངོ་མོ་སློབ་ཆུང་གི་དགེ་རྒན་བྱས། ངོ་མོ་སློབ་ཆུང་ནི་སྡེ་བའི་ནང་གི་གཞིས་ས་ཞིག་ཏུ་ཆགས་ཡོད་ལ། སློབ་གྲྭ་དེ་ན་དབང་ལྡན་དང་སློབ་མ་ཉི་ཤུ་ལྷག་མ་གཏོགས་མེད། ཁོ་ནི་དགེ་རྒན་ཡིན་ལ་སློབ་གཙོའང་རེད།

སློབ་མ་རྣམས་ལ་སྔར་བས་སློབ་སྦྱོང་གི་ཆ་རྐྱེན་བཟང་པོ་བསྐྲུན་ཆེད། དབང་ལྡན་ཕྱོགས་གང་སར་བརྒྱུགས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་སློབ་ཁྲིད་ཀྱི་ཆ་རྐྱེན་ཧུར་བརྩོན་གྱིས་ཇེ་ལེགས་སུ་བཏང་། མི་ལ་བརྩོན་འགྲུས་ཡོད་གྱུར་ན། མི་འགྲུབ་བྱ་བ་ཅི་ཡང་མེད་ཅེས་པ་ལྟར། དབང་ལྡན་གྱིས་བརྩེ་སེམས་ཅན་སྐུ་ཞབས་ཧོ་ལགས་ངོ་ཤེས་སོང་། སྐུ་ཞབས་ཧོ་ལགས་ཀྱིས་མ་དངུལ་བཏང་སྟེ་སློབ་མ་རྣམས་ལ་སློབ་ཁང་ཁང་མིག་ལྔ་དང་མལ་ཁང་ཁང་མིག་གསུམ། ད་རུང་གསང་སྤྱོད་ཁང་བཅས་ལས་པས། སློབ་མའི་སློབ་སྦྱོང་གི་ཁོར་ཡུག་ཇེ་ལེགས་སུ་སོང་།

དེའི་རྗེས་ནས། དབང་ལྡན་སྔ་གཞུག་ཏུ་སྔགས་ས་སློབ་ཆུང་དང་ཨ་བོག་སློབ་ཆུང་། ཁྱུང་བོ་སློབ་ཆུང་སོགས་སུ་ལས་གནས་སྤར་ཏེ་དགེ་རྒན་བྱས། སློབ་གྲྭ་དེ་དག་རྫོང་མཁར་དང་བར་ཐག་རིང་བའི་འབྲོག་ཁུལ་གྱི་སློབ་གྲྭ་ཡིན་ལ། ཁོས་ནམ་ཡང་ལས་གཡོལ་བྱེད་མ་མྱོང་། 2012ལོའི་ཟླ3པར། དབང་ལྡན་ཡང་བསྐྱར་རྫོང་མཁར་དང་བར་ཐག་སྤྱི་ལེ130ཡོད་པའི་རྒྱ་འདུ་སློབ་ཆུང་གི་དབྱིན་ཡིག་དགེ་རྒན་བྱས་པར་མ་ཟད། སློབ་གཙོའི་འགན་ཡང་ཁུར་བ་རེད།

རྒྱ་འདུ་སློབ་ཆུང་དེ་ངོ་མོ་སློབ་ཆུང་དང་འདྲ་བར་ལུས་རྩལ་ར་བ་ཆེན་པོ་ཞིག་མ་གཏོགས་སློབ་ཁྲིད་ཀྱི་ཆ་རྐྱེན་ཧ་ཅང་ཞན། དབང་ལྡན་གྱིས་ཡང་བསྐྱར་གང་སར་བརྒྱུགས་ཏེ་མ་དངུལ་གྲབས་གསོག་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་གི་བརྩེ་ལྡན་མི་སྣར་འབྲེལ་གཏུག་བྱས་ཏེ་རོགས་རམ་བྱེད་དུ་བཅུག

དབང་ལྡན་གྱིས་ཧུར་བརྩོན་བྱས་པའི་འོག དགེ་རྒན་རྣམས་ལ་ཟླ་རེར་བརྩེ་ལྡན་གྱི་ཁ་གསབ་རོགས་དངུལ་སྐོར་རེ་འབྱོར། སློབ་གྲྭར་སློབ་ཁང་དང་མལ་ཁང་ཡོད་པ་དང་། ད་རུང་ཆེད་སྤྱོད་ཀྱི་ཟ་ཁང་དང་དཔེ་མཛོད་ཁང་ཡང་ཡོད་པར་གྱུར། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་མལ་ཁང་དུ་དྲོད་རླངས་འཐེན་པས་སློབ་མ་རྣམས་སྔོན་ལྟར་གྲང་མི་དགོས་པར་གྱུར་པ་དེ་རེད།

སློབ་མ་རྣམས་ཀྱི་ཁྱིམ་སློབ་གྲྭ་དང་བར་ཐག་ཧ་ཅང་རིང་བས། དུས་ཚོད་གསུམ་བཞིའི་རི་ལམ་ལ་འགྲོ་དགོས་པ་རེད། དགུན་ཁར་ཁ་བ་བབས་ནས་ལམ་ཆད་རྗེས་སློབ་ཆུང་ལ་ཟ་མའི་ཡོང་ཁུངས་མེད་པས། ཚང་མ་རི་འདབས་ཀྱི་སློབ་གསོ་ཅུས་ཀྱིས་ཁོ་ཚོར་བསྐྱལ་དགོས་རུང་། ཟ་མ་རི་སྐེད་དུ་མ་གཏོགས་སྐྱེལ་མི་ཐུབ་པས། དབང་ལྡན་དང་དགེ་རྒན་ཚོས་རྐང་ཐང་དུ་ཟ་མ་སློབ་གྲྭར་ཁུར་ནས་ཡོང་དགོས་ལ། མཚམས་རེར་ཟ་མ་ཁུར་ཏེ་ནམ་གུང་གི་དུས་ཚོད་གཉིས་གསུམ་ལ་སླེབས་རྗེས། ད་གཟོད་ཟ་མ་ཚང་མ་སྐྱེལ་ཚར་གྱིན་ཡོད་པ་རེད།

དགེ་རྒན་བྱས་པའི་ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ། སློབ་མ་ཁུར་ནས་ཆུ་བོར་བརྒལ་བ་དང་སློབ་མའི་གྲང་ལྟོགས་ལ་སེམས་ཁུར་བྱེད་པ་ནི་དབང་ལྡན་གྱིས་ཉིན་རེའི་སློབ་ཁྲིད་མ་ཡིན་པའི་འཚོ་བ་རེད། སློབ་མ་ཚོས་ཁོའི་རེ་ལྟོས་སྟོང་ཟད་དུ་མ་བཏང་བར། ད་ལྟ་ཁོ་ཚོའི་ཁྲོད་དུ་ཕྱི་རྒྱལ་དུ་སློབ་གྲྭ་འགྲིམས་མཁན་ཡོད་ལ། གཙོ་གནད་སློབ་ཆེན་ན་ཞིབ་འཇུག་སློབ་མ་འདོན་མཁན་ཡང་ཡོད། དབང་ལྡན་གྱི་སློབ་ཁྲིད་ནུས་པར་ཁྱིམ་བདག་དང་དགེ་གྲོགས་ཚོས་ཁས་ལེན་བྱས་ལ། རྒྱ་འདུ་སློབ་ཆུང་དུ་ད་སྐབས་སློབ་མ་བརྒྱ་དང་བདུན་ཡོད་ལ། སློབ་ཁང་རེ་རེའི་ནང་དུ་སློབ་མ་གང་རེ་ཙོག་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།